འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་6ཉིན།

༄༅།།ཞིང་ལས་དང་གྲོང་གསེབ་པུས་2025ལོའི་བྱང་ཚད་མཐོ་བའི་ཞིང་པ་གསོ་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་06ཉིན། 10:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའུ་གཞུང་དོན་ཐིང་གིས《2025ལོའི་བྱང་ཚད་མཐོ་བའི་ཞིང་པ་གསོ་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ད་ལོའི་བྱང་ཚད་མཐོ་བའི་ཞིང་པ་གསོ་སྐྱོང་འཆར་གཞིས་འབྲུ་སྣུམ་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་མཐོར་གཏོང་འདུ་འགོད་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པའི་སྣེ་ཁྲིད་པ་གསོ་སྐྱོང་འདུ་འགོད། ཤེས་དཔལ་ཡུལ་སྲོལ་འཛུགས་སྐྱོང་གི་བྱང་ཚད་མཐོར་གཏོང་འདུ་འགོད་བཅས་ལག་ལེན་བསྟར་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། དེའི་གྲས་ཀྱི་ལས་རིགས་ལ་དགོས་མཁོ་ཆེ་བ་དང་། ཤེས་ལྡན་པ་གསོ་སྐྱོང་གི་ཆད་སྐྱོན་དང་ཞན་ཆ། ཐོན་ལས་འཕེལ་རྒྱས་ཀྱི་འགག་གནད་དང་དཀའ་གནད་སོགས་ལ་དམིགས་ནས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཁག་གཅིག་གཉེར་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། ཕྱོགས་བསྡུས་བྱང་ཚད་སློབ་ཚན་གྱི་བསླབ་གཞི་དང་དགེ་རྒན་ལ་དམ་འཛིན་ནན་པོ་བྱས་ཏེ། ཞིང་ལས་ཁེ་ལས་དང་། ཁྱིམ་ཚང་ཞིང་ར། ཞིང་པའི་མཉམ་ལས་ཁང་སོགས་ལག་ལེན་སློབ་ཁྲིད་ནང་བཅུག་སྟེ་ཞིང་ལས་ཚན་རིག་ཁང་དང་། ཞིང་ལས་ལག་རྩལ་ཁྱབ་གདལ་སྒྲིག་གཞི ཚན་རྩལ་ཁང་ཆུང་ངུ་སོགས་ཀྱི་ཚན་རྩལ་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱེད་པ། ཞིང་ལས་ཀྱི་ཉེར་སྤྱོད་ལག་རྩལ་སྦྱོང་བརྡར་བཅས་བྱེད་དགོས་པ་དང་། སྦྱོང་སྤྱོད་བྱང་ཆུབ་པ་དང་སྐྱོང་སྤྱོད་ཟུང་འབྲེལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཐབས་རྒྱུན་མཐུད་འཚོལ་ཞིབ་བྱེད་པ་དང་འབྲེལ་འཐུས་སྒོ་ཚང་དུ་བཏང་ནས་བྱང་ཚད་མཐོ་བའི་ཞིང་པ་གསོ་སྐྱོང་བྱེད་པའི་སྤུས་ཚད་ལེགས་སུ་འགྲོ་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས།

ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག ཞིང་ལས་དང་གྲོང་གསེབ་པུས“བྱང་ཚད་མཐོ་བའི་ཞིང་པ་གསོ་སྐྱོང་འཆར་གཞི”རྒྱུན་མཐུད་ལག་ལེན་བསྟར་ཞིང་། 2020ལོ་ནས་2023ལོའི་བར། རྒྱལ་ཡོངས་སུ་བྱང་ཚད་མཐོ་བའི་ཞིང་པ་བསྡོམས་མི་ཐེངས་ཁྲི309.7གསོ་སྐྱོང་བྱས་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། པ་ཚེས་ཞུས)