འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་6ཉིན།

༄༅།།བརྟག་དཔྱད་ཞིབ་འཇུག་རྫུན་མ་བྱས་པ་ཡིས་གནད་དོན་ངོ་མ་ཐག་གཅོད་མི་ཐུབ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་06ཉིན། 14:13】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    གཞི་རིམ་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པར་སྔོན་ནས་བསུ་བ་དང་རྗེས་ནས་སྐྱེལ་མ་བྱེད་པར་དགའ་ཞིང་། གནད་དོན་མཐོང་དུས་རན་ཙམ་བྱས་ནས་མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་གཏོང་བ། ལས་ཀའི་ཐག་གཅོད་ཇུས་གཞི་དེ་དོན་དངོས་དང་ཁ་བྲལ་ནས་དོན་འཁྱོལ་བྱེད་དཀའ་བ་་་་། ད་ལོའི་ཚུན་ཀྲུང་དབྱང་དང་ས་གནས་ཀྱིས་དམར་རྗེན་དུ་བཏོན་པའི་ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྤྱོད་ཚུལ་རྫུན་མ་དང་། བརྟག་དཔྱད་ཞིབ་འཇུག་གི་ངོ་བོ་དང་རྒྱབ་འགལ་ཚབས་ཆེན་བྱས་པ་དེ་ནི་དཔོན་ཉམས་རིང་ལུགས་དང་། ཕྱི་ཚུལ་རིང་ལུགས་ཀྱི་མཚོན་ཚུལ་ཡིན་པས་དོགས་ཟོན་བྱེད་འོས་པ་ཞིག་རེད།

     ཏང་ཡོན་ལས་བྱེད་པ་འགའ་རེ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་དུས། “རླངས་འཁོར་ཆུང་ཆུང་ལ་བསྡད་ནས་ཡར་འགྲོ་མར་འགྲོ་བྱེད་ཅིང་། ཤེལ་སྒོ་ནས་བལྟ་ཙམ་བྱེད་པ་རེད།” དམངས་ཀྱི་གནས་ཚུལ་དང་དམངས་འདོད་ལ་རྒྱུས་ལོན་བྱེད་ཀྱི་མེད། འགའ་རེ་ནི་མང་ཚོགས་དང་འབྲེལ་འདྲིས་བྱེད་འདོད་མེད་པ་དང་། མང་ཚོགས་དང་འབྲེལ་འདྲིས་བྱས་ནས་དོན་རྐྱེན་བཟོ་བར་སྐྲག་པ། མང་ཚོགས་དང་འབྲེལ་འདྲིས་བྱས་ནས་རྙོག་དྲར་ཚུད་པར་སྐྲག་པ། མང་ཚོགས་ལ་བྱ་བ་སྒྲུབ་ན་རྙོག་དྲ་བཟོ་བར་སྐྲག་བཞིན་ཡོད། འགའ་རེ་ནི་མང་ཚོགས་ཀྱི་ལས་ཀ་བྱེད་མི་ཤེས་པ་དང་། མང་ཚོགས་དང་སྐད་ཆ་བཤད་མི་ཐུབ་པ་དང་། རྐུབ་སྟེགས་གཅིག་གི་སྟེང་དུ་སྡོད་ཐུབ་ཀྱི་མེད་པ་སོགས་བརྟག་ཞིབ་རྫུན་མ་དང་བརྟག་ཞིབ་རགས་ཙམ་བྱས་པ་ཡིས་གནད་དོན་ཐག་གཅོད་བྱེད་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་ཐོན་ཁུངས་འབོར་ཆེན་འཕྲོ་བརླག་གཏོང་བ་དང་། གཞི་རིམ་གྱི་ཁུར་པོ་ལྕི་རུ་བཏང་ནས་ལས་དོན་དངོས་ལ་ཤུགས་རྐྱེན་བཟོ་བཞིན་ཡོད་པ་རེད།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དོན་ཚན་དང་པོ་ནི་བརྟག་དཔྱད་ཞིབ་འཇུག་ལེགས་བཅོས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་དེ་ང་ཚོའི་ཏང་གི་ཁྱིམ་རྒྱུད་ནོར་བུ་ཡིན་པའི་གལ་ཆེའི་རང་བཞིན་གསལ་སྟོན་གང་ལེགས་བྱས་ཡོད། བརྟག་དཔྱད་ཞིབ་འཇུག་གིས་ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་དགོས་པ་ལས། འཁྲབ་སྟོན་རྣམ་པའི་བརྟག་ཞིབ་དང་། གཞོང་ལྗོངས་རྣམ་པའི་བརྟག་ཞིབ། ཕྱི་ཚུལ་ཙམ་གྱི་བརྟག་ཞིབ་བཅས་བྱེད་མི་རུང་བར། གནས་ཚུལ་དངོས་ལ་ལྟ་ཞིབ་དང་། བྱེད་ཐབས་དངོས་སྤེལ་བ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་བརྩོན་ལེན་བཅས་ཀྱི་ཐད་འབད་བརྩོན་བྱེད་དགོས།

     བརྟག་དཔྱད་ཞིབ་འཇུག་གི་དཀའ་སྡུག་མྱངས་མི་འདོད་ན་“ཕན་པ་མེད་པའི་”གྱོང་གུན་ཐེབས་སླ་བ་རེད། བརྟག་དཔྱད་ཞིབ་འཇུག་ནི་ཐོག་མར་“ལུས་ཤུགས་ངལ་རྩོལ་”ཡིན་པས། ཡུལ་དངོས་སུ་མང་དུ་སྐྱོད་པ་དང་རྒྱུ་ཆ་རྒྱ་ཁྱབ་ཏུ་འཚོལ་སྡུད་བྱེད་དགོས། འགའ་རེ་ཐ་ན་ལམ་ཐག་རིང་པོར་བསྐྱོད་ནས་ཡུན་རིང་རྗེས་འདེད་བྱས་ན་ད་གཟོད་རྒྱུ་ཆ་དང་པོ་ལག་ཏུ་རག་པ་དང་། གནས་ཚུལ་ངོ་མ་ཁོང་དུ་ཆུད་ཐུབ། དེ་ནས་“ཀླད་ཤུགས་ངལ་རྩོལ་་”ཡིན་པས། འཚོལ་སྡུད་བྱས་པའི་རྒྱུ་ཆ་དང་ལྟ་ཞིབ་བྱས་པའི་སྣང་ཚུལ་ལ་བསམ་བློ་གཏིང་ཟབ་གཏོང་བ་དང་ཞིབ་བསྡུར་ཡང་ཡང་བྱས་ཚེ། སྣང་ཚུལ་བརྒྱུད་ནས་ངོ་བོ་ལ་བལྟ་ཐུབ་པ་དང་། ད་གཟོད་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་རྙེད་ཐུབ།

     ཆ་འཕྲིན་འབོར་ཆེན་གྱི་མདུན་དུ། ཏང་ཡོན་ལས་བྱེད་པས་ངེས་པར་དུ་འབད་བརྩོན་ཆེན་པོ་བྱས་ནས་རང་ཉིད་ཀྱི་བརྟག་དཔྱད་ཞིབ་འཇུག་ནུས་པ་ཆེ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་མ་བྱས་གོང་གྲ་སྒྲིག་འདང་ངེས་ཡོད་དགོས་པ་དང་། དྲི་བ་དང་བྱེད་ཐབས་དང་བཅས་ལ་བརྟེན་ནས་དམིགས་འབེན་ཡོད་པའི་སྒོ་ནས་སྒྲུབ་དགོས། གཞི་རིམ་དུ་ཐད་ཀར་བསྐྱོད་པ་དང་། ཡུལ་དངོས་ལ་ཐད་ཀར་འཛུལ་ནས་མང་ཚོགས་ཀྱི་འབོད་སྒྲ་ངོ་མ་ཉན་པ་དང་། མང་ཚོགས་ཀྱི་བསམ་ཕྱོགས་དྲན་ཕྱོགས་རྒྱུས་ལོན་བྱེད་པ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་བསྒྱུར་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་དངོས་སུ་འགྱུར་བ་དང་། བརྟག་དཔྱད་ཞིབ་འཇུག་གི་“གནད་དོན་གྱི་གསལ་ཐོ”རེ་རེ་བཞིན་“གྲུབ་འབྲས་ཀྱི་གསལ་ཐོ”དུ་བསྒྱུར་གང་ཐུབ་བྱས་ཏེ། ཕྱིས་ཀྱི་ལས་དོན་དག་ལེགས་པར་བསྒྲུབ་དགོས།

     ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་“སློབ་ཆུང་སློབ་མ་བྱེད་འདོད་པའི་”ཁེངས་སྐྱུང་གི་རྣམ་འགྱུར་རྒྱུན་འཁྱོངས་དང་། “བྱིའུ་གཤགས་པའི་”བདེན་འཚོལ་སྙིང་སྟོབས་དར་སྤེལ་བྱས་ཏེ། “འགྲོ་དུས་རླངས་འཁོར་གང་། ཚོགས་འདུ་འཚོག་དུས་ཁང་པ་གང་། གཏམ་བཤད་སྤེལ་ཚེ་མ་ཡིག་ལ་བལྟས་ནས་ཀློག་པའི་”རྫུན་གསོབ་ཇེ་ཉུང་དུ་གཏོང་དགོས་པ་དང་། “གནས་ཡུལ་དུ་བསྡད་ནས་གནས་ཚུལ་དངོས་རྟོགས་པ་དང་། ཁྱིམ་ཚང་དུ་འཛུལ་ནས་བདེན་གཏམ་ཉན་པ། ཡུལ་དངོས་ནས་དཀའ་གནད་སེལ་བའི”དངོས་དོན་མང་དུ་བསྒྲུབ་སྟེ། བྱ་བ་བཟང་པོ་ལེགས་པར་སྒྲུབ་པ་དང་། བྱ་བ་དངོས་ཏན་ཏིག་གིས་སྒྲུབ་པ། སྒྲུབ་དཀའ་བའི་བྱ་བ་ལེགས་པར་སྒྲུབ་དགོས།