འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་7ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་07ཉིན། 10:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》དང《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2026ལོར་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

     《བརྡ་ཐོའི》ནང་ནན་བཤད་བྱས་དོན། རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་སྤེལ་བའི་རྒྱལ་བབ་དང་རྒྱལ་སྟོབས་ཀྱི་བརྟག་དཔྱད་གལ་ཆེན་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན། ཁྲིམས་ལྟར་ཡོངས་ཁྱབ་ཞིབ་བཤེར་དང་། ཚན་རིག་དང་མཐུན་པའི་ཡོངས་ཁྱབ་ཞིབ་བཤེར། དམངས་ཆེད་ཡོངས་ཁྱབ་ཞིབ་བཤེར་བཅས་མཐའ་འཁྱོངས། དངོས་ཐོག་བདེན་འཚོལ་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། དུས་རབས་གསར་པའི་རང་རྒྱལ་གྱི“ཞིང་གསུམ”གནས་ཚུལ་ཕྱོགས་ཡོངས་ནས་གསལ་རྟོགས་བཅས་བྱས་ཏེ། ཞིང་ལས་འཕེལ་རྒྱས་ཀྱི་གནས་ཚུལ་གསར་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་པ་གསར་པ། ཞིང་པའི་འཚོ་བའི་འགྱུར་ལྡོག་གསར་པ། གྲོང་གསེབ་སྒྱུར་བཅོས་ཀྱི་གྲུབ་འབྲས་གསར་པ་བཅས་དངོས་སུ་མཚོན་པར་བྱེད་དགོས།

    《བརྡ་ཐོའི》ནང་བསྟན་དོན། རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་བྱ་ཡུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་གྲོང་གསེབ་ཀྱི་ཁྱིམ་དུད་ཡིན་ཞིང་། དེའི་ནང་གྲོང་གསེབ་ཀྱི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་དུད་ཚང་དང་དུད་ཚང་གཞན་དག་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་དུད་ཚང་། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་ཚན་པ། གྲོང་མི་ཨུ་ཡོན་ལྷན་ཁང་། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་བཅས་ཚུད་ཡོད། ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་གཙོ་བོའི་ནང་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་དང་། འབྲུ་རིགས་དང་ཟས་རིགས་ཆེན་པོའི་ཐོན་སྐྱེད་གནས་ཚུལ། ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་གནས་ཚུལ། གྲོང་གསེབ་འཕེལ་རྒྱས་ཀྱི་གཞི་རྩའི་གནས་ཚུལ། གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གནས་ཚུལ་སོགས་ཚུད་ཡོད། ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་ལྡན་དུས་ཚོད་ནི་2026ལོའི་ཟླ་12ཚེས་31ཉིན་གྱི་ཆུ་ཚོད་24པར་ཡིན་པ་དང་དུས་སྐབས་ཀྱི་དཔྱད་གཞི་ནི་2026ལོའི་ལོ་འཁོར་གྱི་དཔྱད་གཞི་ཡིན་པ་རེད།

     《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཚན་གྱི་ལས་བགོས་མཉམ་ལས། ས་གནས་ཀྱིས་རིམ་དབྱེ་འགན་ཁུར། ཕྱོགས་ཁག་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་རྩ་དོན་གཞིར་བཟུང་། སྤྱི་འདོམས་མཐུན་སྦྱོར་དང་། གཙོ་གནད་འབུར་ཐོན། བྱེད་སྟངས་ལེགས་གཏོང་། བྱེད་ཐབས་གསར་གཏོད་བཅས་བྱས་ཏེ་ཡོངས་ཁྱབ་ཞིབ་བཤེར་གྱི་དྲིལ་བསྒྲགས་སྐུལ་སློང་དང་སྒྲིག་འཛུགས་ལག་བསྟར་ལས་དོན་ཏན་ཏིག་སྒྲུབ་དགོས། ཡོངས་ཁྱབ་ཞིབ་བཤེར་མི་སྣས་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་གཞིའི་ཡིག་རིགས་དངོས་སུ་འཚོལ་བསྡུ་དང་འབུལ་དགོས་པ་ལས། ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་གཞིའི་ཡིག་རིགས་རྫུན་བཟོ་དང་བཟོ་བཅོས་རྒྱག་མི་རུང་། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་དུས་ཐོག་དང་དོན་དངོས་དང་མཐུན་པའི་སྒོ་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་རེའུ་མིག་རྒྱོང་དགོས་པ་ལས། དོན་དངོས་དང་མི་མཐུན་པ་དང་ཆ་མི་ཚང་བའི་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་གཞི་འདོན་སྤྲོད་བྱེད་པའམ་ཡང་ན་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་གཞི་ཕྱིར་འགྱངས་དང་སྙན་སེང་མི་ཞུ་བ་བྱེད་མི་རུང་། ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཁྲོད་ཐོབ་པའི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ཁེར་རྐྱང་གི་ཐོབ་ཐང་ངོས་འཛིན་བྱེད་ཐུབ་པའམ་ཡང་ན་བརྡར་གཅོད་ཐུབ་པའི་དཔྱད་གཞི་ཕྱི་ཕྱོགས་ལ་འདོན་སྤྲོད་དང་ཕྱིར་གྱར་མི་རུང་བ་དང་བསྡོམས་རྩིས་ཕུད་པའི་དམིགས་ཡུལ་གཞན་པར་སྤྱོད་མི་ཆོག

     《བརྡ་ཐོའི》ནང་ནན་བཤད་བྱས་དོན། ཐོག་མཐའ་བར་གསུམ་དུ་གྲངས་གཞིའི་སྤུས་ཚད་ཨང་དང་པོར་འཇོག་པའི་རྩ་དོན་བརྟན་པོར་བསྲུངས་ནས་ཡོངས་ཁྱབ་ཞིབ་བཤེར་ཇུས་གཞི་ལག་བསྟར་ནན་པོ་དང་། ཡོངས་ཁྱབ་ཞིབ་བཤེར་མཛུབ་ཁྲིད་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཡོངས་ཁྱབ་ཞིབ་བཤེར་ལས་ཀའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། གྲངས་གཞིའི་སྤུས་ཚད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། བསྡོམས་རྩིས་རྫུན་བཟོར་སྔོན་འགོག་དང་ཆད་གཅོད་ཏན་ཏིག་བཅས་བྱས་ཏེ་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞི་ངོ་མ་དང་ཡང་དག་ཅིང་། ཆ་ཚང་ལ་ཡིད་ཆེས་རུང་བའི་འགན་ལེན་བྱེད་དགོས། ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞིའི་སྤུས་ཚད་ཚོད་འཛིན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞིའི་སྤུས་ཚད་ཁུངས་འདེད་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ། ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞིར་མིས་ཐེ་གཏོགས་བྱེད་པའི་བྱ་སྤྱོད་སྣ་ཚོགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ལག་རྩལ་གྱི་བྱེད་ཐབས་དང་དོ་དམ་བྱ་ཐབས་ནུས་ལྡན་སྤྱད་དེ་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞིའི་བདེ་འཇགས་ལ་འགན་ལེན་བྱེད་དགོས།