ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་07ཉིན། 10:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས《དམག་དོན་སྒྲིག་བཀོད་འཛུགས་སྐྲུན་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ་8ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་རེད།
སྲོལ་ཡིག་ནང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། དམག་གྲབས་དམག་རྒྱག་ལ་ཞབས་འདེགས་ཞུ་བར་དམིགས་པ། འགོ་ཁྲིད་བཀོད་འདོམས་སྒྲིག་སྲོལ་དང་འགན་སྲུང་བྱ་ཐབས་གསར་པ་དང་འཚམ་པར་བྱེད་པ། དམག་དོན་སྒྲིག་བཀོད་འཛུགས་སྐྲུན་གྱི་གཞི་རྩའི་རྩ་དོན་དང་། དོ་དམ་སྒྲིག་སྲོལ། འཁོར་སྐྱོད་ལམ་སྲོལ། ལས་ཀའི་ལམ་ལུགས་བཅས་ཚན་རིག་དང་མཐུན་པའི་ངང་ཚད་ལྡན་དུ་གཏོང་བ་ནི་དམག་དོན་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་གྱི་གཞི་འཛིན་ས་གལ་ཆེན་ཞིག་རེད།
སྲོལ་ཡིག་ལ་ཁྱོན་ལེའུ་11དང་དོན་ཚན་63ཡོད་ཅིང་། དམག་དོན་ཨུ་ལྷན་གྱིས་སྤྱི་ཡོངས་ལ་དོ་དམ་བྱེད་པ་དང་། འཐབ་ཁུལ་གཡུལ་ས་གཙོ་བོར་བྱེད་པ། དམག་རིགས་འཛུགས་སྐྱོང་གཙོ་བོར་བྱེད་པ་བཅས་ཀྱི་སྤྱིའི་རྩ་དོན་གཞིར་བཟུང་། འཛུགས་སྐྱོང་འཁོར་འབྲེལ་དང་། དོ་དམ་འཁོར་འབྲེལ། ལྟ་སྐུལ་འཁོར་འབྲེལ་བཅས་མཐུན་སྦྱོར་ལ་དམིགས་ནས། གཙོ་གནད་ཐོག་དམག་དོན་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་གཞི་དོ་དམ་དང་། རྣམ་གྲངས་ཞིབ་མཆན། ལས་གྲྭ་འགན་གཙང་། རྩད་ཞིབ་ཇུས་འགོད། ཨར་ལས་དོ་དམ། འཕྲལ་སྡོམ་འཛུགས་སྐྲུན། བདེ་འཇགས་གསང་སྲུང་། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་སོགས་ཀྱི་ཐད་ནས་དོ་དམ་དབང་ཚད་ཁ་གསལ་བཟོ་བ་དང་། གོ་རིམ་ལམ་སྲོལ་ལེགས་སུ་གཏོང་བ། ལག་ལེན་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་བཅས་བྱས་ཏེ། དམག་དོན་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་དང་འགན་སྲུང་ནུས་པ་ཆེ་རུ་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱས་ཡོད་པ་རེད།