འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་10ཉིན།

༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་10ཉིན། 10:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང། 2021ལོ་ནས་བཟུང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་བ་བྱས་ཡོད།

    ལམ་ལུགས་འཛུགས་སྐྱོང་ཐད་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁ་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་བྱ་ཐབས》དང《གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་ལས་དོན་གྱི་གཙོ་གནད》སོགས་སྲིད་ཇུས་བྱེད་ཐབས་ཁག་12བཟོས་ནས་ལག་བསྟར་བྱས་ཏེ། བཅོས་སྒྲིག་ལས་དོན་ལ་འགན་ལེན་བརྟན་པོ་བྱས་ཡོད། དེའི་ནང་གད་སྙིགས་རིགས་དབྱེ་དོ་དམ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། གད་སྙིགས་རིགས་དབྱེ་ནས་འཇོག་སའི་གད་གཞོང་སྤྱི་པའི་སྒྲིག་གཞིར་ཁྱབ་ཚད་100%དང་། གྲོང་མིའི་ཁུལ་ཆུང་དུ་ཁྱབ་ཚད་80.5% གཉེར་སྐྱོང་བྱ་ཡུལ་དུ་ཁྱབ་ཚད་98% སྤྱི་པའི་འདུ་གནས་སུ་ཁྱབ་ཚད་100%བཅས་ཟིན་ནས་གད་སྙིགས་རིགས་དབྱེའི་འདུ་ཤེས་རིམ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

     གད་སྙིགས་གཙང་སེལ་བྱེད་ནུས་ཆེ་རུ་ནུས་ལྡན་ཕྱིན་པ། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཚོ་བཞི་ཆ་གཅིག་ཡན་གྱིས་གད་སྙིགས་རིགས་དབྱེ་བྱས་པ་མ་ཟད། གད་སྙིགས་དང་ཅ་དངོས་བརྗེ་སའི་སྒོ་རྩིས་ཚོང་ཁང་75བཙུགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་སྔོན་ལ་ལེགས་སྒྲུབ་བྱས་ཁར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་ལྗོངས་ཡོངས་ཀྱི་ཨར་འདམ་སྲེག་དོང་ནང་འཚོ་བའི་གད་སྙིགས་བསྲེགས་པའི་གཙང་སེལ་བཟོ་གྲྭ་དང་པོ་བཙུགས་ནས་གཙང་རྒྱུད་ཀྱི“རྫོང་དྲུག་དང་ཆུས་གཅིག”ཁུལ་དུ་འཚོ་བའི་གད་སྙིགས་ས་སྦས་གཏོང་མི་དགོས་པ་བྱུང་ནས་གད་སྙིགས་གཙང་སེལ་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱས་པ་རེད།

    གྲོང་ཁྱེར་སྔོ་འགྱུར་འཛུགས་སྐྲུན་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ། ད་ཆ་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་ས་ཆ་སྔོ་ལྗང་དུ་གྱུར་ཚད་36.38%དང་སྔོ་ལྗང་ཁེབས་ཚད་37.01%ཟིན་པ་དང་། མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་ལྗང་ཁྱབ་ཁྱོན་སྨི་ངོས་གྲུ་13.19ཟིན་ཡོད། ཁྲོམ་གཞུང་དུ་འཆམ་འཆམ་བྱེད་སྐབས་གང་སར་སྔོ་ཐིང་ཐིང་ཡིན་པས་གྲོང་མི་ཚོའི་འཚོ་བའི་ཁོར་ཡུག་དེ་བས་སྐྱིད་ཅིང་འཚོ་སྡོད་ལ་འཚམ་པོ་ཡོད།

     གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་པའི་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཅིང་། ལྷོ་ཁ་གྲོང་ཁྱེར་གྱིས་བྱ་དགའི་དངུལ་སྒོར་ཁྲི་1000བཀོད་སྒྲིག་བྱས་ནས་ཕྱོགས་ཁག་གི་ཧུར་སེམས་འཕེལ་བར་བྱས་ཡོད། མིག་སྔའི་བར་དུད་ཚང་ཁྲི་5ཡི་མི་ཕྱུགས་ལོགས་སུ་ཕྱེ་ཟིན་པ་དང་ཞིང་འབྲོག་ཁུལ་དུ་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད་90.8%ཟིན་ཡོད། གཞན་ཡང་གྲོང་ཚོ་30ལ་རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་གནས་འཕྲོད་ཀྱི་དཔེ་སྟོན་གྲོང་ཚོའི་ཆོག་མཆན་ཐོབ་པ་དང་། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྲོང་གསེབ་168བསྐྲུན་ཟིན་ནས་གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་འགྲོ་བཞིན་ཡོད།