—— བོད་ལྗོངས་ཀྱི་གློག་བརྒྱུད་གཏོང་ལྷུ་ཚིགས་ཀྱི་གློག་རིན་བཅོས་སྒྲིག་ལ་ཕན་འབྲས་ཐོན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་10ཉིན། 10:27】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
“གློག་བརྒྱུད་གཏོང་བཅོས་སྒྲིག་བྱས་རྗེས་ཁྱིམ་དུ་ཤུགས་ཚད་ཆེ་བའི་གློག་ཆས་བེད་སྤྱོད་བྱས་ཀྱང་གློག་རིན་དེ་ཙམ་མཐོ་པོ་མི་འདུག”ཅེས་བོད་ལྗོངས་ལྷ་སའི་ཧྲི་པང་དཔྱིད་ཀྱི་ལྡུམ་རའི་ཁུལ་ཆུང་གི་གྲོང་མི་ཀྲུང་ལགས་ཀྱིས་དེ་ལྟར་བཤད། ཁུལ་ཆུང་དེ་སྒྱུར་བཀོད་མ་བྱས་གོང་ཏུའུ་རེར་གློག་རིན་སྒོར་1.2ཡིན་པ་དང་སྒྱུར་བཀོད་བྱས་རྗེས་སྒོར་0.49བར་ཆག་འདུག རིམ་རྩིས་བརྒྱབ་ན་དུད་ཚང་ཡོངས་ལ་གློག་རིན་སྒོར་ཁྲི་196.69གྲོན་ཆུང་ཐུབ་པ་དང་དུད་ཚང་རེར་ཆ་སྙོམས་གློག་རིན་སྒོར་4055.6གྲོན་ཆུང་ཐུབ་ནས་གྲོང་མིའི་གློག་སྤྱོད་ཀྱི་མ་གནས་ཆུང་དུ་ནུས་ལྡན་ཕྱིན་ཡོད་པ་རེད།
2019ལོ་ནས་2023ལོའི་བར། བོད་ལྗོངས་གློག་ཤུགས་ཀུང་སིས་རང་གྲབས་མ་དངུལ་སྒོར་དུང་ཕྱུར་5.24བཏང་ནས་ལྗོངས་ཡོངས་ཀྱི་དུད་ཚང་ཁྲི་18.25ཡི་གློག་བརྒྱུད་གཏོང་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་བྱས་ཏེ“བརྒྱུད་གཏོང་ནས་ཐད་གཏོང་བར”མངོན་འགྱུར་བྱུང་ཡོད། སྒྱུར་བཀོད་བྱས་རྗེས་ཏུའུ་རེའི་གློག་རིན་མཐོ་ཤོས་སྒོར་1.7ནས་0.49བར་ཆག་ཅིང་བོད་ལྗོངས་ཡོངས་ཀྱི་གྲོང་མིའི་ཟླ་རེར་ཆ་སྙོམས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་200དང་རིན་གོང་འཕར་ཚད་ཀྱི་སྙོམས་ཐང་ཏུའུ་རེར་སྒོར་0.5ལྟར་ཚད་ལེན་ཞིབ་རྩིས་བྱས་ཚེ་ཟླ་རེར་དུད་ཚང་རེའི་གློག་རིན་སྒོར་100ཙམ་གྲོན་ཆུང་ཐུབ་པ་དང་ལོ་རེར་བོད་ལྗོངས་ཡོངས་ཀྱི་གློག་བརྒྱུད་གཏོང་དུད་ཚང་ལ་གློག་རིན་སྒོར་དུང་ཕྱུར་2.19གྲོན་ཆུང་ཐུབ་ཀྱི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཡོངས་ཀྱིས་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་ལག་ལེན་ཧུར་ཐག་བསྟར་ནས《བོད་ལྗོངས་ཡོངས་ཀྱི་དྲ་ཞུགས་གློག་རིན་དང་ཕྱིར་འཚོང་གློག་རིན་སྔར་བས་ལེགས་གཏོང་དང་ལེགས་སྒྲིག་བྱས་ཏེ་སྤྱི་ཚོགས་ཀྱི་གློག་སྤྱོད་མ་གནས་དམའ་རུ་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་བརྡ་ཐོ》སོགས་ཀྱི་ཡིག་ཆ་བཏོན་ཏེ་གློག་བརྒྱུད་གཏོང་གི་གློག་རིན་སྤོར་རིགས་གཙང་སེལ་དང་ཚད་ལྡན་བཟོ་བའི་ལས་དོན་མུ་མཐུད་སྤེལ་ནས་སྲིད་ཇུས་ཀྱི་ཁེ་སྤོགས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོར་དངོས་སུ་སྤྱོད་ཐུབ་པར་བྱས་པ་རེད།
བོད་ལྗོངས་ཀྱིས་ད་དུང《གློག་བརྒྱུད་གཏོང་གི་གློག་རིན་སྤོར་རིགས་གཙང་སེལ་དང་ཚད་ལྡན་བཟོ་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་མིའི་སྡོད་ཁུལ་དུ་གློག་བརྒྱུད་གཏོང་གི་སྒྲིག་ཆས་འཛུགས་སྐྲུན་དང་དེ་བཞིན་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི》སོགས་ཀྱི་ཡིག་ཆ་ཁྱབ་བསྒྲགས་བྱས་ནས། གསར་དུ་བསྐྲུན་པའི་གྲོང་མིའི་སྡོད་ཁུལ་གྱི་གློག་ནུས་འཇལ་རྩིས་ལ“དུད་ཚང་རེར་གློག་གི་ཆུ་ཚོད་རེ”འཛུགས་པའི་བླང་བྱ་ཁ་གསལ་བཟོས་ཁར་འབྱུང་རྩ་ནས་གློག་བརྒྱུད་གཏོང་གི་སྣང་ཚུལ་བཀག་འགོག་བྱས་པ་དང་། གློག་ཐད་ཀར་གཏོང་མི་ཐུབ་པའི་གྲོང་མིའི་ཁུལ་ཆུང་ལ་གྲལ་བཤེར་ལས་དོན་སྤེལ་ནས་གློག་ཐད་ཀར་གཏོང་མི་ཐུབ་པའི་གྲོང་མིའི་ཁུལ་ཆུང་225ཤེས་རྟོགས་ཐུབ་པ། གློག་གཏོང་ཀུང་སི་ཁག་གིས་གློག་བརྒྱུད་གཏོང་གི་གློག་རིན་སྤོར་བའི་བཅོས་སྒྲིག་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ཁར། དོ་བདག་ཕྱོགས་དང་དེ་བཞིན་མཐའ་སྣེའི་དུད་ཚང་གི་གློག་རིན་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་ཡང་བརྒྱབ་ཡོད་པ་རེད།
ན་ནིང་ཁོ་ནར། རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སི་དང་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མཉམ་དུ་ཁྲིམས་སྒྱུར་བྱ་སྤྱོད་སྤེལ་ནས། རིམ་རྩིས་བརྒྱབ་ན་སྤར་བའི་གློག་རིན་སྒོར་258461.8ཕྱིར་སློག་བྱས་པ་དང་། སྤར་བའི་གློག་རིན་སྒོར་303546.56གཞུང་བཞེས་བཏང་བ། དངུལ་ཆད་སྒོར་20000བཅད་ཡོད་པ་རེད། ད་ལོ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པས་དུས་ངེས་མེད་ལ་མཉམ་དུ་ཁྲིམས་སྒྱུར་བྱ་སྤྱོད་སྤེལ་རྒྱུར་མུ་མཐུད་གཞོགས་འདེགས་བྱས་ཏེ་གློག་རིན་སྲིད་ཇུས་ལག་ལེན་བསྟར་མེད་པའི་གློག་བརྒྱུད་གཏོང་བྱེད་པོར་ལྟ་སྐུལ་དག་ཐེར་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་དོན་འཁྱོལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་རེད།
དམངས་འཚོ་ནི་དོན་ཆུང་མིན་པས་དམངས་འཚོའི་བྱ་བ་དོན་ཆེན་དུ་རྩིས་ནས་སྒྲུབ་དགོས། བོད་ལྗོངས་ཀྱི་གློག་ཤུགས་སྡེ་ཚན་གྱིས་གློག་བགོས་སྒྲིག་ཆས་སྒྱུར་བཀོད་འགྲོ་གྲོན་བརྩོན་ལེན་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་ཚད་གཞི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་ཀྱི་གློག་གཏོང་ཀུང་སི་སྒྲིག་འཛུགས་ཀྱིས་འབྲེལ་ཡོད་ཚད་གཞི་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། གསར་དུ་བསྐྲུན་པའི་གྲོང་མིའི་སྡོད་ཁང་གི་གློག་གཏོང་གློག་བགོས་སྒྲིག་ཆས་འཛུགས་སྐྲུན་དང་ཞིབ་བཤེར་རྩིས་ལེན་ལ་ཞུགས་ནས། “དུད་ཚང་རེར་གློག་གི་ཆུ་ཚོད་རེ”འཛུགས་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་རྒྱུ་རེད། གཞན་ཡང་ད་དུང་གློག་བརྒྱུད་གཏོང་བྱེད་པོའི་གསེད་བཀྲོལ་སྒྱུར་བཀོད་མུ་མཐུད་བྱས་ནས་འཁོར་འབྲེལ་ཧྲིལ་པོའི་རྩིས་ཁྲ་བཟོ་བ་མ་ཟད་དུས་བཀག་ལྟར་གསར་སྒྱུར་བྱེད་པ་དང་། སྒྱུར་བཀོད་འཆར་གཞི་ལུགས་མཐུན་བཀོད་སྒྲིག་བྱེད་པ། དམངས་འཚོའི་རེ་ཞུ་དང་སྤྱི་ཚོགས་ཀྱི་དོ་ཁུར་ཆེ་ས་སྔོན་ལ་སྒྱུར་བཀོད་བྱེད་པ། གཙང་སེལ་བྱེད་རིང་གི་གནད་དོན་མཐུན་སྦྱོར་ཐག་གཅོད་བཅས་བྱས་ཏེ་གློག་བརྒྱུད་གཏོང་གི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།