གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་14ཉིན། 14:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། གསར་འགོད་པར་ཀན་སུའུ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཀན་སུའུ་ཡིས་བྲག་ཕུག་དགོན་པ་དང་། ལྕགས་རི་རིང་པོ། གནའ་གྲོང་རྗེས་ཤུལ། གནའ་བོའི་སྐྲུན་དངོས། ཀྲང་ཡེའི་ཚོན་མདོག་ཅན་གྱི་རི་མ་ཐང་སོགས་མཚོན་བྱེད་རང་བཞིན་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་གཙོ་གནད་དུ་བཟུང་སྟེ། རྨ་ནུབ་དོག་ལམ་གྱི་རྒྱལ་ཁབ་ཤུག་བཞག་ལམ་ཐིག་མགྱོགས་པོ་བསྐྲུན་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན། སྒོར་དུང་ཕྱུར་6.1བཏང་ནས་ཞིབ་ཕྲའི་ལས་འགན་ཁག་120དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་རེད།
《རྨ་ནུབ་དོག་ལམ་གྱི་རྒྱལ་ཁབ་ཤུལ་བཞག་ལམ་ཐིག་འཛུགས་སྐྲུན་ལག་བསྟར་ཇུས་གཞི》གཞིར་བཟུང་། ཀན་སུའུ་ཡིས་བྲག་ཕུག་དགོན་པ་དང་། ལྕགས་རི་རིང་པོ། གནའ་གྲོང་རྗེས་ཤུལ། གནའ་བོའི་སྐྲུན་དངོས། གྲོང་ཁྱེར་དང་གྲོང་རྡལ་གྲགས་ཅན། ཀྲང་ཡེའི་ཚོན་མདོག་ཅན་གྱི་རི་མ་ཐང་སོགས་མཚོན་བྱེད་རང་བཞིན་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་གལ་ཆེན་ཁག་52དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་20གཙོ་གནད་ཐོག་འདེམས་སྒྲུག་བྱས་ནས། ཞིབ་ཕྲའི་ལས་འགན་ཁག་19བཀོད་སྒྲིག་བྱེད་པ་དང་། རིག་གནས་དང་རང་བྱུང་ཤུལ་བཞག་མཉམ་སྒྲུབ་སྲུང་སྐྱོང་མ་ལག་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་མ་ལག་ཧུར་ཐག་བསྐྲུན་ཏེ། ཀྲུང་ཧྭའི་ཤེས་དཔལ་མཚོན་རྟགས་གཏོད་རྒྱུ་རེད།
2030ལོའི་ལོ་མཇུག་ཏུ་སླེབས་སྐབས། ཀན་སུའུ་ཡིས་རྨ་ནུབ་དོག་ལམ་གྱི་རྒྱལ་ཁབ་ཤུལ་བཞག་ལམ་ཐིག་གི་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་བེད་སྤྱོད་དང་། རང་བྱུང་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་བེད་སྤྱོད། མི་རིགས་ཀྱི་དམངས་སྲོལ་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་འགྲེམས་སྟོན། རྒྱལ་སྤྱིའི་ཡུལ་སྐོར་རྒྱུད། རྒྱལ་སྤྱིའི་རིག་གནས་སྤེལ་རེས་མཉམ་ལས་བཅས་ཀྱི་གྲུབ་ཆ་ཆེན་པོ་ལྔ་ཕྱོགས་ཡོངས་ནས་བསྐྲུན་ཏེ་དཔྱད་གཞིར་འཛིན་ཆོག་པ་དང་། བསྐྱར་བཟོ་བྱེད་རུང་བ། ཁྱབ་གདལ་གཏོང་ཆོག་པ་བཅས་ཀྱི་རྒྱལ་ཁབ་ཀྱི་ཤུལ་བཞག་ལམ་ཐིག་འཛུགས་སྐྲུན་ལམ་ལུགས་མ་ལག་དང་། ཚད་གཞི་ཚད་ལྡན། ལག་ལེན་ཉམས་མྱོང་བཅས་ཆགས་པར་བྱེད་རྒྱུ་རེད།