གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་16ཉིན། 10:02】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་རིག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། “རིག་རྩལ་མཚོ་སྐྱོར”གྱིས་མཚོ་སྔོན་གྱི་རིག་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་གྲོང་ཁྱེར་དང་ཀྲོའུ་ཁག་གི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་8དང་ཕྱོགས་གསུམ་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ཅིང་། གྲོས་མཐུན་ནང་རིག་རྩལ་གསར་རྩོམ་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། མཉམ་དུ་སྒྱུ་རྩལ་སྤེལ་རེས་བྱེད་པ། རིག་གནས་འཚོལ་བསྡུ་གཏིང་ཟབ། རིག་རྩལ་ཤེས་ལྡན་པ་མཉམ་དུ་གསོ་སྐྱོང་། གཞི་རིམ་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐྱོང་ལ་ཤུགས་རྒྱག་པ་སོགས་ཕྱོགས་དྲུག་གི་ནང་དོན་ཚུད་ཡོད་པས། རིམ་པ་དེ་བས་ཟབ་པ་དང་ཁྱབ་ཁོངས་དེ་བས་ཡངས་པའི་སྤེལ་རེས་མཉམ་ལས་བྱ་ཆེད་ལས་སྟེགས་བསྐྲུན་པ་དང་བསྐྲུན་པའི་ལས་སྟེགས་ཐོག་མཉམ་ལས་རྣམ་གྲངས་70ལྷག་ཙམ་དོན་འཁྱོལ་བྱས་པ་མ་ཟད། ཆུ་ཚད་མཐོ་པོས་བརྗོད་དོན་གཙོ་བོའི་རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་ཡོད།
མཚོ་སྔོན་གྱིས་རིག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་དམིགས་ནས་ཤེས་ལྡན་པ་ནང་འདྲེན་བྱེད་ཐབས་རྒྱ་ཆེར་བཏང་སྟེ་སྐུ་ཞབས་ཝུའུ་ཁྲང་ཅང་མཚོ་སྔོན་རི་མོའི་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་ལ་གདན་ཞུ་བྱས་པ་དང་སྐུ་ཞབས་ཝུའུ་ཝུའེ་ཧྲན་མཚོ་སྔོན་མཛེས་རྩལ་ཁང་གི་མཚན་འཛིན་ཀོན་ཀྲང་ལ་གདན་ཞུ་བྱས་ཡོད། གྲགས་ཅན་སྒྱུ་རྩལ་མཁས་ཅན་མཚོ་སྔོན་དུ་གདན་འདྲེན་ཞུས་ནས་ཉམས་མྱོང་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་དང་། ཀྲུང་གོ་ཞབས་བྲོ་མཐུན་ཚོགས་ཀྱི་ཞབས་བྲོའི་སྒྱུ་རྩལ་ཆེད་དོན་འཆད་ཁྲིད་དང་། ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱི་གསར་ཞུགས་ཚོགས་མིའི་འཐབ་ཕྱོགས་དང་པོའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི“ཧྲན་ཧྭ་ཤེས་ལྡན་པའི”གསོ་སྐྱོང་འཆར་གཞི། ཀྲུང་གོ་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི“གྲངས་ཉུང་མི་རིགས་ས་ཁུལ་གྱི་བརྙན་འཕྲིན་སྒྱུ་རྩལ་ཤེས་ལྡན་པའི་གསོ་སྐྱོང་འཆར་གཞི” ཀྲུང་གོ་རིག་རྩལ་དང་བླངས་པའི་མཐུན་ཚོགས་ཀྱི་དུས་རབས་གསར་པའི་ཤེས་རིག་ལག་ལེན་རིག་རྩལ་དང་བླངས་ཞབས་ཞུའི་རྣམ་གྲངས་གསོ་སྦྱོང་འཛིན་གྲྭ་སོགས་བསྟུད་མར་གཉེར་ནས་རིམ་རྩིས་བརྒྱབ་ན་མི་650ལྷག་ཙམ་གསོ་སྦྱོང་བྱས་ཡོད།
རིག་རྩལ་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་རྒྱུར་དམིགས་ནས་མཚོ་སྔོན་མཛེས་རྩལ་ཁང་གི་སྐར་ཁུང་འཐབ་སའི་ནུས་པ་བཏོན་ཏེ“རྒྱལ་ཡོངས་གཞོན་ནུའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་བདུན་པ”དང་། “རྒྱལ་ཡོངས་ཀྱི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་སྐབས་གསུམ་པ” “ཧྲང་ཧའེ་དང་མཚོ་སྔོན་གྱི་ཡིག་གཟུགས་སྤེལ་རེས་འགྲེམས་སྟོན” “ཧའེ་ནན་རི་མོའི་ལུགས་ཀྱི་ཕུལ་བྱུང་མཛེས་རྩལ་བརྩམས་ཆོས་མཚོ་སྔོན་སྐོར་སྐྱོད་འགྲེམས་སྟོན”སོགས་རྩེར་སོན་འགྲེམས་སྟོན་བྱེད་སྒོ་ཐེངས་20ལྷག་ཙམ་གཉེར་ཡོད།