ད་ལོ་རིམ་རྩིས་བརྒྱབ་ན་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་20བཏང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་17ཉིན། 09:50】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་6པའི་ཟླ་འགོ་བར། ལྕགས་ལམ་སྡེ་ཚན་གྱིས་ད་ལོར་རིམ་རྩིས་བརྒྱབ་ན་བོད་སྐྱོད་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་20བཏང་བ་དང་ཡུལ་སྐོར་བ་མི་ཐེངས་8000ལྷག་ཙམ་ལ་ཞབས་འདེགས་ཞུས་པར་མེ་འཁོར་གཏོང་གྲངས་དང་ཡུལ་སྐོར་བར་ཞབས་འདེགས་ཞུ་ཐེངས་གཉིས་ཀ་ལོ་ལྔའི་རིང་མང་ཤོས་ཟིན་ཡོད།
2020ལོ་ནས་ད་བར་ལྕགས་ལམ་སྡེ་ཚན་གྱིས་རིམ་རྩིས་བརྒྱབ་ན་བོད་ཀྱི་ས་ཁུལ་དུ་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར170བཏང་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་5.07ལྷག་ཙམ་བདེ་བླག་ངང་སྐྱེལ་འདྲེན་བྱས་པའི་ནང་བོད་སྐྱོད་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་61དང་བོད་ནས་ཐོན་པའི་མེ་འཁོར་109ཟིན་ཡོད།
“མཛེས་པའི་མཚོ་སྔོན། སྐྱིད་པའི་བོད་ལྗོངས”རྟགས་ཅན་གྱི་གྲགས་རྟགས་ཆེད་གཏོང་མེ་འཁོར་ལྟ་བུར་མཚོན་ན་མཚོ་སྔོན་ཟི་ལིང་ནས་བོད་ལྗོངས་ཉིང་ཁྲིར་གཏོང་གི་ཡོད་པ་དང་། ད་ལོའི་ཟླ་3པར་གཏོང་འགོ་ཚུགས་ཚུན། རིམ་རྩིས་བརྒྱབ་ན་མེ་འཁོར་14བཏང་ནས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཀྲེ་ཅང་སོགས་ཞིང་ཆེན་10ལྷག་ཙམ་དང་དེ་བཞིན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
བོད་སྐྱོད་ཡུལ་སྐོར་ཆེད་གཏོང་མེ་འཁོར་དེ་མཚོ་བོད་ལྕགས་ལམ་དང་། ལྷ་ཉིང་ལྕགས་ལམ། ཁུ་ནུ་རི་བོ། ཁུ་ཁུ་ཤི་རི། གཙང་གསུམ་ཆུ་འགོ་སོགས་བརྒྱུད་ཀྱི་ཡོད་པ་དང་། ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་གཏོང་གྲངས་མང་དུ་ཕྱིན་པ་དང་བསྟུན་ནས་ས་གནས་ཁག་གི་ཡུལ་སྐོར་བ་ཡང་ཇེ་མང་དུ་སོང་སྟེ་ལམ་རྒྱུད་ས་ཁུལ་ལ་འཛད་མེད་ཀྱི་གསོན་ཤུགས་སྣོན་བཞིན་ཡོད།