གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་17ཉིན། 13:44】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
སི་ཁྲོན་ཞིང་ཆེན་ཏཱ་ཀྲོའུ་གྲོང་ཁྱེར་ཝན་ཡོན་གྲོང་ཁྱེར་ཧོང་ཀྲུང་གྲོང་རྡལ་རན་ཅ་པཱ་གྲོང་ཚོའི་ཚོས་སེར་སྡོང་རྒན་གྱི་འོག་ཏུ་རྐུབ་སྟེགས་ཆུང་ཆུང་འགའ་ཤས་སྒྲིག་ཡོད། གྲོང་ཚོའི་ལས་བྱེད་པ་དང་གྲོང་མིས་མཉམ་དུ་རྐུབ་སྟེགས་ཐོག་བསྡད་དེ་དམངས་ཀྱི་གནས་ཚུལ་གླེང་བཞིན་འདུག ནུབ་ཁའི་ཉི་ཟེར་འོག་ཏུ་ཚང་མས་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་འཁྲུག་ཆ་ཧ་ཅང་དོད།
གྲོང་མི་ཝང་ཧྲུའུ་ཡིས“ང་ཚོའི་འཐུང་ཆུར་ད་དུང་དཀའ་ངལ་འདུག ཁྲོན་པའི་ཆུ་གཙང་མ་མི་འདུག”ཅེས་བཤད། འཁྲིས་སུ་ཡོད་པའི་ལི་ཡོན་ཁྲེང་གིས་ཀྱང“རེད་རེད། ཆུ་གཙང་མ་མི་འདུག”ཅེས་བཤད། གྲོང་ཚོའི་ལས་བྱེད་པས་ནན་ཏན་ཉན་པ་དང་ཟིན་ཐོ་བཀོད་ཅིང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རན་ཆི་སུང་གིས“ཚང་མ་སེམས་ཁྲལ་བྱེད་མི་དགོས། ང་ཚོས་གང་མགྱོགས་ཐག་གཅོད་བྱེད་ཀྱི་ཡིན”ཞེས་བཤད།
ཝན་ཡོན་དུ་རིམ་ཁག་ཏང་རྩ་འཛུགས་དང་སྲིད་གཞུང་སྡེ་ཚན་གྱིས་དམངས་ཀྱི་དགོས་མཁོར་དམིགས་ནས་དམངས་ཀྱི་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱེད་པ་མ་ཟད། རྒྱུན་དུ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་སེམས་ཁྲལ་སེལ་གྱི་ཡོད། ཝན་ཡོན་གྲོང་ཁྱེར་གྱིས་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་གནད་དོན་ཐག་གཅོད་བྱེད་པ་དང་། དམངས་ཀྱི་རེ་འདུན་སྒྲུབ་པ། དམངས་འཚོའི་གནད་དོན་ཐག་གཅོད་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུ་བ་དང་དམངས་སེམས་ཐོབ་པར་བྱེད་ཀྱི་ཡོད།
རན་ཅ་པཱ་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་འཛོམས་ནས་དམངས་ཀྱི་གནས་ཚུལ་ཐག་གཅོད་བྱེད་པའི་གནས་ཚུལ་དེ་འདྲ་ཝན་ཡོན་གྲོང་ཁྱེར་གྱི་ས་ཆ་གང་སར་མཐོང་རྒྱུ་ཡོད། ལས་བྱེད་པ་མང་ཚོགས་ཁྲོད་བསྐྱོད་དེ་དམངས་ཀྱི་འབོད་སྒྲ་ཉན་པས་མང་ཚོགས་ཀྱིས་ཀྱང་ཐེ་ཚོམ་མེད་པར་རང་ཉིད་ཀྱི་བསམ་ཚུལ་དང་རེ་ཞུ་ཤོད་ཀྱི་ཡོད།
དམངས་ཀྱི་འདུན་པ་བསྡུ་རུབ་བྱེད་པ་ནི་གོམ་པ་དང་པོ་ཡིན་པ་དང་ཐག་གཅོད་ཡག་པོ་ཐུབ་མིན་དེ་ནི་འགག་རྩ་རེད། ཝན་ཡོན་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་དགོས་མཁོ་གང་ལེགས་སྐོང་ཆེད། མང་ཚོགས་ཀྱི་ལྟ་སྐུལ་དཔྱད་བརྗོད་ལམ་སྲོལ་བཙུགས་ཡོད། དམངས་འཚོའི་ལས་གྲྭ་མཇུག་སྒྲིལ་རིམ་བཞིན་མང་ཚོགས་གདན་ཞུས་བྱས་ནས་ས་གནས་ས་ཐོག་ཏུ་སྐར་མ་རྒྱག་པ་དང་། འདྲི་ཤོག་བརྟག་དཔྱད་བྱེད་པ། དྲ་ཐོག་ནས་འདེམས་ཤོག་འཕེན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གདེང་འཇོག་བྱེད་ཀྱི་ཡོད། མང་ཚོགས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་ལ་གཞིགས་ནས་ལས་གྲྭའི་སྤུས་ཚད་དང་། མྱུར་ཚད། ཞབས་ཞུ་སོགས་ལ་གདེང་འཇོག་བྱེད་ཀྱི་ཡོད། མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོར་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྟངས་ནན་ཏན་འཛིན་པ་དང་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱའང་འདོན་གྱི་ཡོད།
ན་ནིང་ཟླ་9པ་ནས་བཟུང་། ཝན་ཡོན་གྲོང་ཁྱེར་གྱིས་ལས་བྱེད་པ་དང་མང་ཚོགས་མཉམ་དུ་འཛོམས་ནས་གླེང་མོལ་བྱེད་པའི་བྱེད་སྒོ་ཐེངས་3330ལྷག་ཙམ་སྤེལ་བ་དང་དམངས་འདོད་4700ལྷག་ཙམ་དང་བྱེད་ཐབས་བཟང་པོ་1600ལྷག་ཙམ་བསྡུ་རུབ་བྱས་ཡོད།
ལས་བྱེད་པ་དང་མང་ཚོགས་མཉམ་དུ་འཛོམས་ནས་དམངས་ཀྱི་གནས་ཚུལ་གླེང་སྟེ། ཉན་པ་ནི་མང་ཚོགས་ཀྱི་འདུན་པ་ཡིན་པ་དང་། ཐག་གཅོད་བྱ་རྒྱུ་ནི་མང་ཚོགས་ཀྱི་དཀའ་གནད་ཡིན་པ། གཅིག་སྡུད་བྱ་རྒྱུ་ནི་ལས་བྱེད་པ་དང་མང་ཚོགས་ཀྱི་སྟོབས་ཤུགས་ཡིན་པས་མཉམ་འགུལ་ཡག་པོ་བྱུང་ཡོད། ལས་བྱེད་པ་དང་མང་ཚོགས་མཉམ་དུ་འཛོམས་ནས་དམངས་ཀྱི་གནས་ཚུལ་གླེང་བའི་བྱེད་ཐབས་དེས་ཝན་ཡོན་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལའང་སྐུལ་མ་ཐེབས་ཡོད།
(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)