འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་18ཉིན།

ཁྲེན་ཝུན་ཆིང་གིས་མཚོ་སྔོན་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།

༄༅།།བློ་ཐག་ཆོད་པོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དང་ལས་འགན་
ཁུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་སྲིད་ཁྲིམས་
ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་18ཉིན། 09:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེན་ཝུན་ཆིང་གིས་ཚེས་13ནས་15ཉིན་བར། མཚོ་སྔོན་དུ་བརྟག་ཞིབ་གནང་སྐབས་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པར་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་མཚོ་སྔོན་གྱི་དམིགས་བསལ་གནས་བབ་ཁོང་དུ་གཏིང་ཟབ་ཆུད་པ་དང་། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་རྩོམ་ཆེད་སྲིད་ཁྲིམས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

     ཁྲེན་ཝུན་ཆིང་གིས་ཞིང་ཆེན་སྤྱི་བདེ་ཐིང་གི་གནས་ཡུལ་གལ་ཆེན་དང་གཙོ་གནད་ཁུལ་གྱི་སྐོར་གཡེང་སྔོན་འགོག་ཚོད་འཛིན་གནས་ཚུལ་བརྙན་ལམ་བརྒྱུད་བཀོད་གཏོང་གནང་བ་དང་། ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་མི་རིགས་སློབ་ཆེན་དང་འབྲེལ་ཡོད་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་བདེ་སྲུང་ལས་དོན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་ནས་གྲོང་བྱང་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། མཚོ་ཤར་གྲོང་ཁྱེར་དུ་གཞི་རིམ་སྤྱི་བདེ་ལས་ཁུངས་སུ་ཕེབས་ནས་མཉམ་འགོག་མཉམ་བཅོས་གནས་ཚུལ་ལ་ལྟ་ཞིབ་གནང་བ་དང་གཞོང་ཐང་ཆུས་མི་དམངས་ཞིབ་དཔྱོད་ཁང་དུ་ཕེབས་ནས་སྤྱི་ཕན་གཏུག་བཤེར་དང་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་སོགས་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་བསྟན་དོན། མཚོ་སྔོན་ནི་མཐའ་བརྟན་བོད་བརྟན་གྱི་འཐབ་ཇུས་ཀྱི་ས་ཆ་གལ་ཆེན་ཞིག་ཡིན་པས་མཚོ་སྔོན་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་རེད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་མི་རིགས་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། བྱེད་སྒོ་གལ་ཆེན་དང་། དུས་མཚམས་གལ་ཆེན། འཚུབ་ཆ་ཆེ་བའི་དུས་བཅས་ཀྱི་བདེ་འཇགས་བརྟན་ལྷིང་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་དང་འབྲེལ་བ་ཡོད་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། དུས་དང་རྣམ་པ་ཀུན་ཏུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་བ་དམ་པོར་བཟུང་ནས་ཆོས་ལུགས་ཀྱི་ཐལ་སྐྱོད་རིང་ལུགས་ལ་ཁྲིམས་ལྟར་ཆད་གཅོད་དང་། གཙོ་གནད་ས་ཁུལ་དང་གཙོ་གནད་ཁུལ་དུ་འགོག་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་གཏུམ་སྤྱོད་འཇིགས་སྐུལ་གྱི་དོན་རྐྱེན་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་དང་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དང་། གཙོ་གཉེར་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་འགན་འཁྲི། སྲིད་ཁྲིམས་ལས་ཁུངས་ཀྱི་འགན་འཁྲི་བཅས་ནན་དཀྲིས་བྱས་ནས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཉེན་ཁ་ཚབས་ཆེན་སྔོན་འགོག་ནུས་ལྡན་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་འགལ་ཟླ་དང་རྩོད་གཞི་ནུས་ལྡན་ངང་ཐག་གཅོད་བྱེད་དགོས། ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། གུ་ཡངས་དང་ནན་པོ་ཟུང་འབྲེལ་བྱེད་པའི་ཉེས་དོན་སྲིད་ཇུས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ། མི་སེར་གྱི་ལངས་ཕྱོགས་སུ་བརྟན་པོར་ཚུགས་ཐུབ་པ་བྱས་ནས་མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་དྲང་གཞག་དང་དྲང་བདེན་ཚོར་གང་ཐུབ་བྱེད་དགོས།

     གཞི་རིམ་གྱི་སྲིད་ཁྲིམས་ཚན་པར་ཁྲེན་ཝུན་ཆིང་གིས་འཐབ་ས་དང་པོའི་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་གནང་སྐབས་བླང་བྱ་བཏོན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། སྲིད་ཁྲིམས་དཔུང་ཁག་གི་ཆབ་སྲིད་དང་། སྤྱོད་ཚུལ། འཇོན་ཐང་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་བཟའ་འཐུང་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། ཏང་ཡོན་ལས་བྱེད་པས་ཁྲིམས་སྒྱུར་ཁྲིམས་འཛིན་བྱེད་སྒོར་སྒྲིག་འགལ་གྱིས་ཐེ་གཏོགས་བྱེད་པ་དང་། གྱོད་གཞི་ཞིབ་ཕྲ་ཐག་གཅོད་བྱེད་པར་ཐེ་གཏོགས་བྱེད་པ། ཚུལ་མིན་འབྲེལ་གཏུག་དང་འབྲེལ་འདྲིས་སོགས་གཏན་འགོག་བྱེད་པའི་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ཏེ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བ་བཅས་ཀྱི་དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་ཧྲག་དམག་གཏོད་དགོས་པ་དང་། སྲིད་ཁྲིམས་ཀྱི་འགོ་ཁྲིད་ལས་བྱེད་པས་ཚན་ཁག་དམ་འཛིན་དང་དཔུང་ཁག་སྣེ་ཁྲིད་བྱས་ཏེ་རང་གཅུན་ནན་པོ་དང་། འགན་འཁྲི་ནན་འཁུར། ཁོངས་གཏོགས་དོ་དམ་ནན་པོ་བཅས་བྱེད་དགོས།