བྱེ་ཐང་ཐང་རྒོད་སྤང་ལྗོངས་སུ་གྱུར་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་19ཉིན། 10:58】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་བཀྲ་ཤིས་སྟེང་སྒང་གྲོང་ཚོའི་ཀྱག་ཀྱོག་གི་རི་ལམ་དུ་གནས་པའི་ཁྲང་ཅང་སློབ་ཆེན་བོད་ལྗོངས་ས་མཐོའི་སྟར་ཁའི་ཐོན་ལས་ཞིབ་འཇུག་ཁང་དུ་ལས་ཀ་བྱེད་བཞིན་པའི་འབུམས་རམས་པ་ལིའུ་ལིས་ཕིང་གིས་སྟོད་གོས་ནས་མཚོན་རྟགས་ཤིག་བཏོན་ཏེ་སྦྱར་ག་བརྒྱབ་མ་ཐག་པའི་སྟར་སྡོང་གི་ཡལ་ག་སྦྱོར་བཞིན་པ་མཐོང་བྱུང་། ཁོང་གིས། 2020ལོའི་ལོ་སྟོད་དུ་བོད་ལ་ཐོག་མར་ཡོང་སྐབས། རྒྱ་ཚ་རྫོང་དུ་གནའ་བོའི་སྟར་སྡོང་གིས་ཁེངས་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྟར་སྡོང་3657ཡོད་པ་དག་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་གནའ་བོའི་སྟར་སྡོང་གི་ཁྱུ་ཚོགས་ཤིག་ཏུ་གྱུར་ཡོད། རྒྱ་ཚ་རྫོང་ལ་སྟར་སྡོང་འདེབས་ནས་ལོ་ངོ་སྟོང་ལྷག་སོང་བའི་ལོ་རྒྱུས་ཡོད་ཀྱང་། དུས་ཡུན་རིང་པོར་དེ་གའི་ཡུལ་མི་ཚོས་གནའ་བོའི་སྟར་སྡོང་རྩ་ཆེན་དུ་བརྩིས་ཀྱང་ཚན་རིག་དང་མཐུན་པའི་འདེབས་འཛུགས་གཡོག་བྱེད་དང་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་གྱིས་རམ་འདེགས་བྱ་རྒྱུ་འདང་གི་མེད་ཅེས་བཤད།
2021ལོའི་ཟླ་གསུམ་པར། ཧུའུ་པེ་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”ཚན་རྩལ་བོད་སྐྱོར་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་རྗེས། ལིའུ་ལིས་ཕིང་གིས་ཚོགས་པ་དང་མཉམ་དུ་ས་མཐོར་ཡོང་ནས་ས་གནས་ཀྱི་སོན་བཟང་འདེམས་གསོ་དང་། གསོ་སྤེལ། འདེབས་འཛུགས་གཡོག་བྱེད་སོགས་བྱེད་པར་སེམས་ནུས་ཡོད་ཚད་བཏོན་ཡོད།
ལིའུ་ལིས་ཕིང་གིས་ཞིང་ནང་དང་མུ་ཁར་བརྟག་དཔྱད་བྱ་ཆེད། ལོ་འཁོར་མོར་སྟར་སྡོང་ཡོད་སའི་རྒྱ་ཚའི་སྲིད་འཛིན་གྲོང་ཚོ་27ཚང་མར་བསྐྱོད་ཅིང་། “དང་ཐོག་ཡུལ་མི་ཚོས་ང་ཚོའི་ལས་ཀའི་དོན་སྙིང་ལ་བསམ་ཤེས་མི་ཐུབ་པས། ང་ཚོས་སྒོ་རྩར་ཡང་ཡང་སྐྱོད་པར་སུན་སྣང་བྱེད་ཀྱི་འདུག”ཅེས་ལིའུ་ལིས་ཕིང་གིས་ཕྱིར་དྲན་བྱེད་བཞིན་བཤད། ཁོང་གིས་སྐབས་དེ་དུས་ངས་ཁུག་མའི་ནང་གྲངས་འཛིན་འཚོལ་ཆས་བླུགས་པ་མ་ཟད། ཕྲུ་གུ་ཚོར་སྟེར་བའི་བྱི་རིལ་ཡང་བླུགས་ནས་ཡུལ་མིའི་དབར་འབྲེལ་བ་ཟབ་ཏུ་གཏོང་ཐབས་བྱས་པ་ཡིན་ཞེས་བཤད།
མིག་སྔའི་བར། རྒྱ་ཚ་རྫོང་ལ་སྟར་སྡོང་འདེབས་འཛུགས་ཀྱི་གཞི་ཁྱོན་མུའུ་ཁྲི་4.5དང་། སྡོང་ཕྲུག་ཁྲི་52ཡོད་པ་དང་ལོར་སྟར་ཁའི་ཐོན་འབབ་ཏུན་1200ཟིན་ནས་ལོར་ཐོན་སྐྱེད་རིན་ཐང་སྒོར་ཁྲི་8000ལྷག་ཙམ་ཟིན་གྱི་ཡོད། སྤུས་ལེགས་ཀྱི་སྟར་སྡོང་6བདམས་ཟིན་པ་མ་ཟད། མུའུ་1000ལྷག་ཙམ་ཟིན་པའི་སྟར་སྡོང་སྤུས་ལེགས་འདེབས་འཛུགས་དཔེ་སྟོན་རྟེན་གཞིའང་བསྐྲུན་ཟིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ས་གནས་དེ་གའི་ཡར་ཀླུང་གཙང་འགྲམ་གྱི་སྐྱེ་ཁམས་བར་ཁྱམས་ཀྱི་འདེབས་འཛུགས་རྣམ་གྲངས་གནས་ཡུལ་དུ་སྟར་ཁའི་སྡོང་ཕྲུག་ཁྲི་10ལྷག་ཙམ་བཏབ་པ་དེས་ས་བརྟན་བྱེ་འགོག་ཐུབ་པ་མ་ཟད། ས་གནས་ཀྱི་མང་ཚོགས་ལ་ཕན་པའང་ཐོབ་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་བྱུང་ཡོད།
2022ལོར“གོ་ལྔའི་ནང་སྐྱེས”ཀྱི་གཞི་རིམ་ལས་བྱེད་པ་ཀྲང་རུང་ཚེན་རྒྱ་ཚར་ཡོང་ནས་གཞི་ཚུགས་ཤིང་། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་མིས་སྦྱར་ག་རྒྱག་པའི་ལག་རྩལ་གསོ་སྦྱོང་ནང་ཐེངས་500ལྷག་ཙམ་ཞུགས་པའི་ཁྲོད་སྲོལ་རྒྱུན་འདེབས་འཛུགས་དུད་ཚང་ཡང་མི་ཉུང་བ་ཡོད། ད་ཆ་ཡར་ཀླུང་གཙང་འགྲམ་གྱི་ཡུག་འབྲེལ་སྟར་སྡོང་ནགས་ཚལ་དང་གཙང་པོ་གཉིས་ཕན་ཚུན་འགྲན་པ་བཞིན་དུ་སྣང་།
“གོ་ལྔའི་ནང་སྐྱེས”ཀྱི་ཁན་སི་མེང་ནི། 2024ལོར་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་སྔོན་ཐོན་མི་སྒེར་ལ་བདམས་ཡོད། 2023ལོར་ཁོང་གིས་ཁེ་རི་གྲོང་ཚོའི་གླིང་ཁུལ་དང་པོའི་འགན་འཁུར་རིང་། ས་བབ་སྨི་3700ཟིན་པའི་གླིང་ཁུལ་དུ་ནགས་བཟོ་བྱེད་ཁྱོན་མུའུ་3169.8ཟིན་གྱི་ཡོད།
ཁན་སི་མེང་གིས། སྟར་སྡོང་དེ་དག་ལྷ་སའི་ལྷོ་རི་བྱང་རིའི་ལྡེབས་སུ་སྐྱེ་འཚར་ཡག་པོ་བྱུང་ནས་སྔོ་ལྗང་གི་སྐྱེ་ཁམས་སྲུང་བཅད་ཅིག་ཏུ་འགྱུར་བཞིན་ཡོད་ཅེས་བཤད།
སྲོལ་རྒྱུན་གྱི་འདེབས་སྟངས་ནས་སྐྱེ་ཁམས་གཉེར་སྐྱོང་བར་དང་། སྣ་ཁ་གཅིག་རྐྱང་འདེབས་པ་ནས་བརྒྱུད་རིམ་ལྡན་པའི་ངང་སླར་གསོ་བྱེད་པའི་བར། ན་གཞོན་མང་པོ་ཞིག་གིས་ལས་གནས་དེར་གཞི་ཚུགས་ནས་ས་མཐོའི་སྐྱེ་ཁམས་ལྗང་མདོག་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་འབུལ་བཞིན་ཡོད།