གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་23ཉིན། 10:25】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་ལས་དང་གྲོང་གསེབ་པུའུ་ཡི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟེ་གནས་ཀྱིས་2025ལོའི“རྒྱལ་ཡོངས་ཀྱི་གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས། གསར་དར་བཅས་ཀྱི་ཞིང་ལས་ཐོན་རྫས”ཀྱི་མིང་གཞུང་ཁག་དང་པོ་ཁྱབ་བསྒྲགས་བྱས་པའི་ནང་། མཚོ་སྔོན་ཞིང་ཆེན་སྟོང་སྐོར་གྱི་རྒྱ་སྲན་དང་། དམར་གཙང་གི་བྲ་བོ། དགོན་ལུང་གི་ཞོག་ཁོག རྩེ་ཁོག་གི་ལུག ཁྲི་ཀའི་ལི་དང་དགུན་གྲོ མང་རའི་ལུག་ནག ཚྭ་འདམ་གཞོང་སའི་འདྲེ་ཚེར་མ་བཅས་ཐོན་རྫས་ཁག་8ཚུད་ཡོད། དེར་བརྟེན། ཞིང་ཆེན་ཡོངས་སུ་རིམ་རྩིས་བརྒྱབ་ན་ཐོན་རྫས་ཁག་48མིང་གཞུང་ནང་བདེ་བླག་ངང་ཚུད་པ་དེ་དག་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་8ཀྱི་འདེབས་འཛུགས་དང་། སྒོ་ཕྱུགས་དང་ཁྱིམ་བྱ། ཉ་ལས་བཅས་རིགས་ཆེན་པོ་གསུམ་ལ་ཁྱབ་པ་དང་། འབྲི་གཡག་དང་། བོད་ལུག ཀྲུང་ལུགས་དང་བོད་ལུགས་སྨན་རྒྱུ་སོགས་ཀྱི་ཐོན་ལས་རིགས་9དང་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་185དང་འབྲེལ་བ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས“ཡུལ་ཟོག”གི་མི་མངོན་པའི་སྟོབས་ཤུགས་མུ་མཐུད་སྔོག་འདོན་གཏིང་ཟབ་བྱས་པའི་ཐོག་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་སྤེལ་དང་། སྤུས་རྟགས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་དམིགས་ཏེ། ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་སྣ་ཚོགས་དང་ལས་རིགས་མཐུན་ཚོགས་ཀྱིས་གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས། གསར་དར་བཅས་ཀྱི་ཞིང་ལས་ཐོན་རྫས་སྐྱེད་སྲིང་གསར་གཏོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་མཛུབ་ཁྲིད་བྱས་ནས། མཚོ་སྔོན་གྱི་ས་གནས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་གདམ་གསེས་དང་སྐྱེད་སྲིང་ཧུར་ཐག་བྱས་ཡོད།