གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་24ཉིན། 13:31】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་19ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ·མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་26པས་གཙོ་མགྲོན་རྒྱལ་ཁབ་གཉིས་ཐོག་མར་བཀོད་སྒྲིག་བྱས་ཤིང་། མོ་ཞི་ཁོ་གཙོ་མགྲོན་རྒྱལ་ཁབ་ཏུ་གཏན་འཁེལ་བྱས་རྗེས་ཡོ་རོབ་ཤར་ལྷོའི་རྒྱུད་ཀྱི་རྒྱལ་ཁབ་བྷོ་ཧེར་གཙོ་མགྲོན་རྒྱལ་ཁབ་ཀྱི་ཐོབ་ཐང་ཐོག་ནས་སྐབས་འདིའི་ཚོགས་འདུར་ཞུགས་རྒྱུར་དངོས་སུ་གཏན་འཁེལ་བྱས་པ་རེད། དེ་ཐོག་ནས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུས“གཙོ་མགྲོན་རྒྱལ་ཁབ་གཉིས”ཐོག་མར་བསུས་པ་མ་ཟད། མེ་གླིང་དང་ཡོ་རོབ་རྒྱལ་ཁབ་ཀྱིས་མཉམ་དུ་གཙོ་མགྲོན་རྒྱལ་ཁབ་ཀྱི་འགན་འཁུར་ཐེངས་དང་པོ་ཡིན་པས་རྒྱལ་སྤྱིའི་ཞུགས་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་ཕྱིན་པ་མཚོན་གྱི་ཡོད་པ་རེད།
བྷོ་ཧེར་ལ་སྔར་ནས“ཡོ་རོབ་ཀྱི་སྙིང”དང“པར་ཀན་གྱི་མཆོག་ནོར”ཞེས་འབོད་སྲོལ་ཡོད་ཅིང་། ལོ་རྒྱུས་དང་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པོ་དང་། ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས། བཟོ་ལས་རྨང་གཞི་ཡག་པོ། དེ་བཞིན་ཡོ་རོབ་ཤར་ནུབ་འབྲེལ་མཐུད་བྱེད་པའི་དམིགས་བསལ་གྱི་ས་བབ་ལེགས་ཆ་བཅས་ལྡན་ཡོད། མཚོ་སྔོན་འདི་ཉིད“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་ངོས་ནས་གཙང་གསུམ་ཆུ་འགོ་དང་། མཚོ་སྔོན་པོ། མདོ་ལ་རིང་མོ་སོགས་འཛམ་གླིང་རིམ་པའི་སྐྱེ་ཁམས་ཐོན་ཁུངས་ཡོད་པ་དང་། ས་མཐོའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དང་ནུས་རྒྱུའི་ལེགས་ཆར་བརྟེན་ནས་འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་སུ་མགྱོགས་མྱུར་འགྱུར་བཞིན་ཡོད། ས་གནས་གཉིས་ཀྱི་ཐོན་ཁུངས་གསབ་རེས་རང་བཞིན་ཆེ་བ་དང་ཐོན་ལས་མཐུན་ཚད་མཐོ་བས་མཉམ་ལས་ཐད་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་རེད།
གཙོ་མགྲོན་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པའི་བྷོ་ཧེར་གྱིས“སྒོ་དབྱེ་མཉམ་ལས། ལྗང་མདོག་འཕེལ་རྒྱས”ལ་དམིགས་པའི་ཆུ་ཚད་མཐོ་བའི་མ་འཇོག་ཚོང་དོན་ལས་སྟེགས་ཡིན་པའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུར་བརྟེན་ནས་རྒྱལ་ཁབ་ཀྱི་གཟུགས་བརྙན་དང་། ཁྱད་ལྡན་ཐོན་ལས། མ་འཇོག་གོ་སྐབས་བཅས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱ་རྒྱུ་རེད། ཕྱོགས་གཉིས་པོས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་ལག་རྩལ་བཀོལ་སྤྱོད། སྐྱེ་ཁམས་སྲུང་སྐྱོང་། རིག་གནས་ཡུལ་སྐོར་ཁྱབ་གདལ་དང་ཤུལ་བཞག་སྲུང་སྐྱོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁྱད་ལྡན་ཞིང་ལས་ཐོན་རྫས་ཚོང་དོན་སོགས་ཁྱབ་ཁོངས་ལ་དམིགས་ཏེ་ཐུན་མོང་ཐོག་གཉིས་ཕན་མཉམ་ལས་ཀྱི་བར་མཐོངས་གསར་པ་འཚོལ་ཞིབ་བྱས་ནས། མཚོ་སྔོན་གྱིས་ཐོན་ལས་ཀྱི“གནས་བཞི”འཛུགས་རྒྱུར་རྒྱལ་སྤྱིའི་གཞི་རྒྱུ་དང་སྒུལ་ནུས་གསར་པ་འདྲེན་རྒྱུ་ཡིན་པ་རེད།