—— ཀྲུང་གོར་བཅའ་སྡོད་ཁེར་གྷི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཟུར་པ་པཱ་ཁེ་ཐེ་ཀུའུ་ལུའོ་ཝར་བཅར་འདྲི་བྱས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་24ཉིན། 13:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
“ཁེར་ཀྲུང་རྒྱལ་ཁབ་གཉིས་རི་ཆུས་འབྲེལ་ཡོད་ལ། ཐུན་མོང་གི་རྒྱལ་མཚམས་སྤྱི་ལེ་1000ལྷག་ཙམ་མུ་འབྲེལ་ནས་ཆགས་ཡོད་པས། ལོ་རྒྱུས་ཀྱི་འགྲོ་འོང་ཡུན་རིང་ནང་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་ཆགས་ཡོད”ཅེས་ཉེ་ཆར་ཀྲུང་གོར་བཅའ་སྡོད་ཁེར་གྷི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཟུར་པ་པཱ་ཁེ་ཐེ་ཀུའུ་ལུའོ་ཝས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་དང་། ཁོང་གིས། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དེ་རྒྱལ་ཁབ་གཉིས་པོའི་ཁྱིམ་མཚེས་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།
“མིག་སྔར་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་གི་ཁྲོད་དུ་གནས་ཡོད་པས། རྒྱལ་ཁབ་ཕན་ཚུན་དབར་ཡིད་ཆེས་དང་མཉམ་ལས་ལ་སྲུང་སྐྱོང་དང་ཤུགས་སྣོན་རྒྱག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ” པཱ་ཁེ་ཐེ་ཀུའུ་ལུའོ་ཝ་ཡི་ངོས་འཛིན་ལྟར་ན། གཙོ་བདག་གི་ཕྱི་འབྲེལ་ལས་ཁེར་ཀྲུང་འབྲེལ་བའི་ཁྲོད་འགག་རྩའི་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་ཐོན་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྐུལ་འདེད་འོག ཁེར་ཀྲུང་དབར་ཚད་མཐོའི་ཕན་ཚུན་ཡིད་ཆེས་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ནས“ཁེར་ཀྲུང་རྒྱལ་ཁབ་གཉིས་ཀྱིས་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་ཞིག་གཏོད་འགོ་ཚུགས་ཡོད་པ་རེད”
ཁེར་གྷི་སི་ཐན་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་རྒྱབ་སྐྱོར་དང་དེའི་ནང་ཞུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ཞིང་། དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཕན་ཚུན་སྦྲེལ་མཐུད་སོགས་ཀྱི་ཁྱབ་ཁོངས་སུ་ཁེར་ཀྲུང་རྒྱལ་ཁབ་གཉིས་ལ་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། པཱ་ཁེ་ཐེ་ཀུའུ་ལུའོ་ཝ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེས་གནའ་བོའི་དར་གོས་ལམ་བུའི་རྩ་ཆེའི་ཉམས་མྱོང་རྒྱུན་འཛིན་བྱས་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་འཕེལ་རྒྱས་གཏོང་བའི་མཛེས་སྡུག་ལྡན་པའི་རེ་འདུན་དང་མཐུན་པའི་ངོས་འཛིན་བྱེད་ཀྱི་ཡོད།
པཱ་ཁེ་ཐེ་ཀུའུ་ལུའོ་ཝ་ཡིས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པ་འཚོགས་པ་དེ་ས་ཁུལ་དང་རྒྱལ་ཁབ་ཀྱི་རེ་སྒུག་དང་མཐུན་ལ། ཕྱོགས་ཁག་གི་མཉམ་ལས་དེ་བས་ཟབ་ཏུ་དང་རྒྱ་ཆེར་གཏོང་ཆེད་འཆར་གཞིའང་བཏིང་ཡོད། “མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོའི་དབར་རིམ་པ་མང་པོ་དང་ཁྱབ་ཁོངས་མང་པོར་མཉམ་ལས་བྱེད་པའི་དུས་ལ་བབས་ཡོད”ཅེས་བརྗོད་པ་དང་། ཁོང་གིས། ཕན་ཚུན་བརྩི་འཇོག་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཟབ་ཏུ་དང་མཉམ་ལས་ལམ་སྲོལ་ཉིན་རེ་ལས་མ་འདས་པར་ཕུན་སུམ་ཚོགས་སུ་ཕྱིན་ནས། ཆབ་སྲིད་དང་། བདེ་འཇགས། འཕེལ་རྒྱས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པས། ཕྱོགས་ཁག་གི་འཕེལ་རྒྱས་དང་དར་རྒྱས་དེ་བཞིན་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཕན་པ་ཐོབ་ངེས་རེད་ཅེས་བརྗོད།