གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་27ཉིན། 13:36】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱས་པར། ཚེས་21ཉིན། ཀྲུང་གོ་ཚན་རིག་ཁང་ཙི་ཅིན་ཧྲན་གནམ་དཔྱད་ཁང་གིས་མཚོ་སྔོན་ལེང་ཧུའུ་གནམ་དཔྱད་ལྟ་དཔྱད་ཚད་འཇལ་ཞིབ་འཇུག་རྟེན་གཞིར་སྨི་4.2ཟིན་པའི་ས་ངོས་ཀྱི་ཆེད་སྤྱོད་སྐར་མའི་གོ་ལའི་ཚད་འཇལ་རྒྱང་ཤེལ་དང་སྨི་2.5ཟིན་པའི་མཐའ་སྣེ་མང་བའི་རྒྱུན་སྤྱོད་རྒྱང་ཤེལ་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཡོད། རྒྱང་ཤེལ་དེ་གཉིས་བསྒར་རྗེས་རྒྱལ་སྤྱིའི་སྔོན་ཐོན་གྱི་ས་ངོས་ཀྱི་འོད་ཀྱི་རིག་པའི་ལྟ་དཔྱད་དང་ཚད་འཇལ་ཞིབ་ཚགས་བྱེད་པའི་མ་ལག་གྲུབ་ནས་རང་རྒྱལ་གྱི་སྐར་མའི་གོ་ལར་ལྟ་དཔྱད་ཚད་འཇལ་ཞིབ་ཚགས་བྱེད་པའི་འཇོན་ནུས་མཆོང་སྐྱོད་ཆེན་པོ་བྱུང་བ་མཚོན་ཡོད།
སྨི་4.2ཟིན་པའི་ས་ངོས་ཀྱི་ཆེད་སྤྱོད་སྐར་མའི་གོ་ལའི་ཚད་འཇལ་རྒྱང་ཤེལ་དེ་2027ལོར་བསྒར་ཟིན་པ་བྱ་རྩིས་ཡོད་པས་རང་རྒྱལ་གྱི་སྐར་མའི་གོ་ལའི་ཚད་འཇལ་རྒྱང་ཤེལ་ཆེ་ཤོས་སུ་འགྱུར་རྒྱུ་རེད་ལ། རང་རྒྱལ་གྱི་སྨི་4རིམ་པའི་ཤེལ་ངོས་རྐྱང་པའི་རྒྱུན་སྤྱོད་ཚད་འཇལ་ཞིབ་ཚགས་བྱེད་པའི་གནམ་དཔྱད་རིག་པའི་རྒྱང་ཤེལ་དང་པོ་དེ་ཡང་རེད།
སྨི་2.5ཟིན་པའི་མཐའ་སྣེ་མང་བའི་རྒྱུན་སྤྱོད་རྒྱང་ཤེལ་ནི་ཁ་ཞེང་འབྲིང་གྲས་ཀྱི་ཚད་འཇལ་ཞིབ་ཚགས་བྱེད་པའི་རྒྱང་ཤེལ་ཞིག་ཡིན་ཞིང་། མཐའ་སྣེ་མང་བ་དང་། ནུས་པ་མང་བ། སྤྱོད་ཡུལ་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། རིགས་མི་འདྲ་བའི་ལྟ་ཞིབ་ཚད་ལེན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། 2026ལོར་བསྒར་རྗེས་རྒྱང་ཤེལ་དེ་ནི་རང་རྒྱལ་གྱི་ལྟེ་གཅིག་གཏོང་ལེན་སྐུལ་འོད་ཀྱི་བར་ཐག་འཇལ་ཆས་རྒྱང་ཤེལ་ཆེ་ཤོས་དེར་འགྱུར་རྒྱུ་རེད།