མཚོ་སྔོན་མཚོ་ནུབ་ཀྲོའུ་ཡིས་འཕྲལ་སྡོམ་འཚོལ་བཤེར་གྱི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཆའོ་ཏུང་།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་22ཉིན། 16:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
མི་རིང་བའི་གོང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་སྤྱི་བདེ་ཅུས་ལ་བཀོད་འདོམས་ལས་སྟེགས་ཀྱི་བཀའ་རྒྱ་འབྱོར་དོན། ཐེ་ཁུའེ་ཐང་འབྲོག་ཁུལ་གྱི་ལོ་གཅིག་དང་ཟླ་བ་བདུན་ཙམ་ཡིན་པའི་བུ་ཞིག་གློ་བུར་དུ་བྱེ་རླུང་འཚུབ་པའི་དབང་གིས་ཨ་མ་དང་ཁ་ཐོར་ནས་བོར་བ་རེད། མཚན་མོ་ལྷགས་པ་ཆེ་བས་རོགས་སྐྱོབ་རླངས་འཁོར་བགྲོད་མི་ཐུབ་པར་བརྟེན། ཡུལ་དེ་གའི་ཉེན་རྟོག་ཕྱོགས་དང་འབྲོག་པས་མཉམ་དུ་འཚོལ་ཞིབ་བྱས་ནས་ཆུ་ཚོད་12ཀྱི་རྗེས་སུ་བྱིས་པ་རྙེད་ཅིང་། དེ་མ་ཐག་ལམ་སེང་ཉེན་རྟོག་པའི་ཐད་འཕུར་གནམ་གྲུ་སྤྱད་དེ་སྨན་ཁང་དུ་བསྐྱལ་བ་དང་ཕྲུ་གུ་དེའི་གཟུགས་གཞི་བདེ་ཐང་ཡིན་པ་རེད།
མཚོ་ནུབ་ཀྲོའུ་ནི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་མ་ཟད། གང་སར་མྱ་ངམ་ཐང་ཡིན་ལ་དྲོ་གྲང་གི་ཁྱད་པར་ཆེ་བ་དང་། ས་བབ་མཐོ་བ། ལྷགས་པ་ཆེ་བ། བརྡ་རྟགས་མེད་པའི་ས་ཁོངས་རྒྱ་ཆེ་བ་བཅས་ཀྱི་དབང་གིས། ཡུལ་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་འབྲེལ་ཐག་ཆད་པའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད། དུས་ཡུན་རིང་པོར་ཉེན་རྟོག་པ་མངགས་ནས་ཐག་གཅོད་བྱས་པ་བརྒྱུད། ད་ཆ་ཡུལ་དེ་གར་འཕྲལ་སྡོམ་འཚོལ་སྐྱོབ་ཀྱི་བྱེད་ཐབས་ཆ་ཚང་ཞིག་གྲུབ་ཡོད། “ད་ཆ་ང་ཚོས་རི་ལ་བསྐྱོད་ནས་འཚོལ་བཤེར་དང་སྐོར་ཞིབ་བྱེད་དུས་མི་མེད་གནམ་གྲུ་དང་སྲུང་སྐར་ཁ་པར་སྤྱོད་ཀྱི་ཡོད། གནས་ཚད་གཞིར་བཟུང་དུས་ཐོག་ཏུ་འབྲེལ་གཏུག་དང་གནས་ཚུལ་སྙན་སེང་ཞུ་ཐུབ” མིག་སྔར། མཚོ་ནུབ་ཀྲོའུ་སྤྱི་བདེ་ཅུས་ཀྱིས་འཕྲལ་སྡོམ་འཚོལ་བཤེར་གྱི་ལམ་སྲོལ་བཙུགས་ནས་ཉེན་རྟོག་པའི་ཐད་འཕུར་གནམ་གྲུས་ག་དུས་ཡིན་རུང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་གྲ་སྒྲིག་ཡག་པོ་བྱེད་ཀྱི་ཡོད་ཅེས་མཚོ་ནུབ་ཀྲོའུ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོ་ཡན་པང་གིས་ངོ་སྤྲོད་བྱས།
“མི་མེད་ཁུལ་གྱི་འཚོལ་སྐྱོབ་དཀའ་ངལ་ཆེ་བ་དང་འཚོལ་སྐྱོབ་མ་གནས་མཐོ་བས། ང་ཚོས‘སྔོན་འགོག་དྲན་སྐུལ་དང་འགན་འཁྲི་བདའ་འདེད’ཀྱི་བྱེད་ཐབས་སྤྱོད་ཀྱི་ཡོད། མཚོ་ནུབ་ཀྲོའུ་ཡི་གཞི་རིམ་མངགས་གཏོང་ཁང་དང་ལས་སྒྲུབ་ཞིབ་བཤེར་ས་ཚིགས་ཀྱིས་དྲ་གྲགས་བར་བརྒལ་གནས་ཡུལ་ལ་དོ་དམ་ཚོད་འཛིན་ནན་པོ་དང་། གཏན་འབེབས་དང་འགལ་བའི་བར་བརྒལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ། ཉེན་ཁ་ཡོད་པའི་ས་ཁོངས་ལ་ལྟ་ཞིབ་ནན་པོ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྟོབས་ཤུགས་གྲ་སྒྲིག་ནན་པོ་བཅས་བྱས་པ་བརྒྱུད་ཡུལ་སྐོར་བ་ཉེན་ཁའི་གནས་སུ་གྱར་བའི་དོན་རྐྱེན་ཉུང་དུ་གཏོང་གི་ཡོད”ཅེས་ཧོ་ཡན་པང་གིས་ངོ་སྤྲོད་བྱས།
ཟླ་7ཚེས་16ཉིན། མཚོ་ནུབ་ཀྲོའུ་ཡིས《ཁྲིམས་འགལ་ངང་རང་བྱུང་སྲུང་སྐྱོང་ཁུལ་དུ་འགྲོ་སྐྱོད་བྱེད་མི་ཆོག་པ་དང་རང་དགར་མི་མེད་ཁུལ་དུ་འཛུལ་མི་ཆོག་པའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཏེ། “རང་བྱུང་སྲུང་སྐྱོང་ཁུལ་དང་མི་མེད་ཁུལ་དུ་སྒེར་གྱིས་མྱུལ་དཔྱད་དང་འགྲོ་སྐྱོད་སོགས་ལས་བྱུང་བའི་རོགས་སྐྱོབ་འགྲོ་གྲོན་ནི་ཡུལ་སྐོར་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་དང་རོགས་སྐྱོབ་བྱ་ཡུལ་གྱིས་ཆ་ཚང་སྤྲོད་དགོས”ཞེས་བཏོན་ཡོད།