འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་1ཉིན།

༄༅།།མཚོ་སྔོན་གྱིས་དམག་ཞབས་ཐིམ་པའི་དམག་མིའི་གཅེས་སྐྱོང་རོགས་སྐྱོར་མ་ལག་
གསར་རྐྱང་ཞིག་བཏོད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་01ཉིན། 13:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

      ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས“རོགས་སྐྱོར་བྱ་ཡུལ་མང་དུ་གཏོང་བ་དང་། ཚད་གཞི་མཐོ་རུ་གཏོང་བ། བརྒྱུད་རིམ་བསྐྱར་སྒྲིག་བྱེད་པ། ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་རིམ་སྤོར་བྱེད་པ”བཅས་ཀྱི་གསར་གཏོད་ཆེན་པོ་ལྔར་བརྟེན་ནས་ཁྱབ་རྒྱ་དེ་བས་ཆེ་བ་དང་། ཚད་གཞི་དེ་བས་མཐོ་བ། ཞབས་ཞུ་དེ་བས་ལེགས་པ་བཅས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་གཅེས་སྐྱོང་རོགས་སྐྱོར་མ་ལག་བཙུགས་ཏེ། དམག་ཞབས་ཐིམ་པའི་དམག་མིའི་གཅེས་སྐྱོང་རོགས་སྐྱོར་ཐེབས་རྩ་དོ་དམ་བེད་སྤྱོད་བྱེད་ནུས་ཆེ་རུ་ཤུགས་ཆེན་བཏང་ཡོད།

     མཚོ་སྔོན་གྱིས་སྔར་ཡོད་ཀྱི་རོགས་སྐྱོབ་བྱེད་སྟངས་སྣ་གཅིག་དེ“རོགས་སྐྱོར་དང་གཅེས་སྐྱོང་ཟུང་དུ་འབྲེལ་བའི”ལམ་སྲོལ་གཉིས་ལ་ལེགས་སུ་བཏང་ཡོད། རོགས་སྐྱོར་བྱ་ཡུལ་དེ་དེ་སྔའི་མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མིའི་ཚོགས་སྤྱི་ནས“དམངས་སྲིད་སྡེ་ཚན་གྱིས་གཏན་འཁེལ་བྱས་པའི་དམག་ཞབས་ཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་ཁྲོད་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པ། མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་། མི་གཏོང་ཀ་མེད་ཀྱི་གཏོང་སྒོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་། དེ་བཞིན་གཏན་འབེབས་དང་མཐུན་པའི་དཀའ་ངལ་ཡོད་པ་གཞན་དག”བཅས་སུ་མང་དུ་བཏང་བ་མ་ཟད། ནད་གཞི་དང་། གནོད་འཚེ། སློབ་ཞུགས་སོགས་ཀྱིས་རྐྱེན་པས་དཀའ་ངལ་འཕྲད་པ་དང་སྤྱི་ཚོགས་ཀྱིས་རོགས་སྐྱོབ་བྱས་རྗེས་སྔར་བཞིན་དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་ཀྱང་དེའི་ཁྱབ་ཁོངས་སུ་བཅུག་ནས་རོགས་སྐྱོར་བྱ་ཡུལ་ཡོངས་སུ་ཁྱབ་པར་བྱས་ཡོད།

     དམག་ཞབས་ཐིམ་པའི་དམག་མིའི་ཚོགས་སྤྱིའི་དཀའ་ངལ་ལ་གཞིགས་ནས། “སྐས་རིམ་རོགས་སྐྱོར”བྱེད་སྟངས་ཚད་བརྒལ་རང་བཞིན་གྱིས་ཇུས་འགོད་བྱས་ཡོད། ནད་གཞི་ཚབས་ཆེན་གྱི་རོགས་སྐྱོར་གྱིས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྒེར་གྱིས་སྤྲོད་དགོས་པའི་འགྲོ་གྲོན་ལོ་རེར་རིམ་རྩིས་བརྒྱབ་ན་སྒོར་ཁྲི་3དང་། སྒོར་ཁྲི་2 སྒོར་ཁྲི་1བཅས་ལས་བརྒལ་ཚེ། བརྒལ་བའི་ཆ་དེའི་80%དང་། 70% 60%བཅས་སོ་སོར་གཞིར་བཟུང་ནས་རོགས་རམ་བྱེད་རྒྱུ་དང་། མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་དང་མི་གཏོང་ཀ་མེད་ཀྱི་གཏོང་སྒོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ཚད་གཞི་དེ་མི་སྒེར་གྱིས་སྤྲོད་དགོས་པའི་འགྲོ་གྲོན་དང་ཟུང་འབྲེལ་བྱས་ནས་ལོ་རེར་རིམ་རྩིས་བརྒྱབ་ན་སྒོར་ཁྲི་3དང་། སྒོར་ཁྲི་2 སྒོར་ཁྲི་1བཅས་ལས་བརྒལ་ཚེ། 70%དང་། 60% 50%བཅས་ཀྱི་བསྡུར་ཚད་དང་བསྟུན་ནས་ལག་བསྟར་བྱེད་རྒྱུ། དེ་དང་ཆབས་ཅིག་གློ་བུར་དང་བསམ་ཡུལ་ལས་འདས་པའི་རོགས་སྐྱོར་གྱི་ཚད་གཞི་མཐོ་ཤོས་སྒོར་ཁྲི་2བར་མང་དུ་གཏོང་རྒྱུ་དང་། སློབ་གསོའི་རོགས་སྐྱོར་གྱི་ལོ་འཁོར་གྱི་ཚད་གཞི་མཐོ་ཤོས་སྒོར་ཁྲི་0.5གཏན་འཁེལ་བྱས་ཏེ། འཚོ་བར་རོགས་སྐྱོར་བྱེད་དགོས་པའི་དམག་ཞབས་ཐིམ་པའི་དམག་མིའི་གནས་ཚུལ་མི་འདྲ་བར་གཞིགས་ནས་དེ་མཚུངས་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་རེད།

     དམག་ཞབས་ཐིམ་པའི་དམག་མིའི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཐག་གཅོད་བྱེད་པར་དམིགས་ཏེ། “དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”དང“རྒྱུན་སྲོལ་དང་དམིགས་བསལ་གྱིས་སྒྲུབ་པ་ཟུང་འབྲེལ”གྱི་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཡོད། ཞིབ་བཤེར་བྱས་རྗེས་ཀྱི་མ་དངུལ་གཏོང་བའི་དུས་ཚད་ལས་ཀའི་ཉིན་15བར་ཐུང་དུ་བཏང་བ་དང་། གློ་བུར་དང་ཛ་དྲག་གི་གནས་ཚུལ་ལ“ལྗང་མདོག་བགྲོད་ལམ”བཏོད་པ། ཆུ་ཚོད་24ཡི་ནང་མ་དངུལ་སྤྲོད་པ། ལས་ཀའི་ཉིན་20ནང་ཡིག་ཆ་ཁ་གསབ་བཅས་བྱེད་རྒྱུ་དང་། གཅེས་སྐྱོང་རེ་ཞུ་དེ་རྫོང་རིམ་པ་དང་དེ་ཡན་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་རང་འགུལ་ངང་འདོན་གྱི་ཡོད་པས་མི་སྒེར་གྱིས་སྙན་སེང་ཞུ་དགོས་ཀྱི་མེད།