ས་གནས་ཁག་གིས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་བ།
འདི་ག་ཚགས་པར་གྱི་གསར་འགོད་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་04ཉིན། 13:41】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དམངས་འཚོར་ཕན་འདོགས་པའི་བྱ་བ་རེ་རེ་བཞིན་ཡག་པོ་བསྒྲུབས་པར་དམངས་སེམས་བཟང་པོ་ཐོབ་ཅིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་གནས་ཁག་གིས་སློབ་སྦྱོང་དང་། བཤེར་འདོན། དག་ཐེར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་ཧུར་ཐག་གཏོང་བར་ཁྲིད་སྟོན་བྱེད་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ། མང་ཚོགས་ཀྱིས་རེ་སྒུག་བྱེད་ས་ནས་འགོ་འཛུགས་པ་དང་མང་ཚོགས་བློ་ཡིད་ཚིམ་པོ་མེད་ས་ནས་སྒྱུར་བཅོས་བྱས་པས། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད།
དབྱར་གཞུང་གི་ས་སྲོས་ཤིག་ལ། ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ནན་ཁྲང་རྫོང་པཱ་གཡོད་ཧུའུ་ཁྲོམ་གཞུང་ཧའེ་ཅཱ་ལམ་སྡེ་ཁུལ་གྱི་ལུས་སྦྱོང་ཐང་དུ་གྲོགས་པོ་ཆུང་ཆུང་ཚོ་དང་དགའ་སྤྲོའི་ངང་རྒྱུག་ཤར་གློད་བཞིན་པའི་ཚ་བོ་ཆུང་ཆུང་མཐོང་སྐབས་གྲོང་མི་ཝུའུ་ལན་དབྱིན་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། ཝུའུ་ལན་དབྱིན་གྱིས་ལག་ཐོགས་ཁ་པར་ནས་པར་ཞིག་སྟོན་བཞིན་མིག་མདུན་གྱི་ཁོད་སྙོམས་ལ་གཙང་ཞིང་གྲལ་འགྲིག་པའི་ཐང་ཆེན་འདི་དེ་གོང་ས་སྟོང་ཡིན་པས“གནམ་དྭངས་དུས་གང་སར་ཐལ་རྡུལ་གྱིས་ཁེངས་པ་དང་ཆར་པ་འབབ་སྐབས་གང་སར་འདམ་རྫོབ་ཀྱིས་ཁེངས་ཀྱི་ཡོད” རྫོང་ཁྲལ་དོན་ཅུས་ཀྱི་ལས་བྱེད་པས་གནས་ཚུལ་དེ་ཤེས་རྗེས་ཁྲོམ་གཞུང་དང་སྡེ་ཁུལ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་མཐུན་སྦྱོར་གྱིས་སྒྱུར་བཀོད་བྱས་པ་ཞིག་རེད་ཅེས་བཤད།
ནན་ཁྲང་རྫོང་གིས་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་ཀྱིས་འཐབ་ཕྱོགས་དང་པོར་བསྐྱོད་དེ་རང་འགུལ་ངང་ཏང་ཡོན་གྱི་གཟུགས་བརྙན་མངོན་པ་དང་། རེ་ཞུ་ཉན་པ། བསམ་འཆར་བསྡུ་ལེན་བཅས་བྱས་ཤིང་། རྫོང་ཡོངས་ཀྱིས་ཆ་སྒྲིག་མཉམ་སྐྲུན་རོགས་སྐྱོར་རྣམ་གྲངས་ཁག་230ལྷག་ཙམ་གཏན་འཁེལ་བྱས་པ་དང“གསར་བརྗེའི་དང་བླངས་ཞབས་ཞུ་རུ་ཁག”160ལྷག་ཙམ་བཙུགས་ནས་མང་ཚོགས་འབོར་ཆེན་ཞིག་གི“རེ་འདུན་ཆུང་ངུ”མངོན་འགྱུར་བྱས་ཡོད།
ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ཧའེ་ཀྲུའུ་ཆུས་ཅང་ནན་ཀྲུང་ཁྲོམ་གཞུང་ཆིང་ཁུའེ་སྡེ་ཁུལ་དུ“མེད་པ་གསུམ”(སྡེ་ལས་མེད་པ་དང་། དོ་བདག་ཨུ་ལྷན་མེད་པ། ཉམས་གསོའི་ཐེབས་རྩ་མེད་པ་བཅས་ཡིན)གྱི་ཐོག་ཁང་སྟར་པ་12ཡོད་པ་དང་། ཕྱིའི་གྱང་ངོས་ཀྱི་དཀར་གཅལ་ལྷུང་བ་དང་། ཆུ་འགྲོ་ནས་ཆུ་འཛགས་པ། མེ་གསོད་སྒྲིག་ཆས་རྙིང་པ་ཆགས་པ་སོགས་ཀྱི་གནད་དོན་ལ་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་གྱི་ཡོད།
སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལེང་ལི་ཕིང་གིས་སྡེ་ཁུལ་གྱི་ལས་བྱེད་པའི་སྣེ་ཁྲིད་དེ་ཐོག་ཁང་གི་འགན་འཁུར་བ་སྐུལ་སློང་གིས“བཅོས་མཁས་གདོང་ལེན་པའི”ཚོགས་ཆུང་བཙུགས་པ་དང་། གྲོང་མིས་མ་དངུལ་གྲབས་གསོག་བྱེད་འདོད་ཡོད་པ་ཤེས་རྗེས་གཞི་ནས་འབྲེལ་ཡོད་སྡེ་ཚན་ནས་གྲོན་དངུལ་དང་ཁ་གསབ་ཁག་གཅིག་བརྩོན་ལེན་བྱས་པ་དང་། དེ་ནས་ཁོངས་གཏོགས་ཁུལ་གྱི་ཚོང་དུད་མནའ་འབྲེལ་ལ་འབྲེལ་བ་བྱས་ཡོད། མཐར“གྲོང་མིས་ཕྲན་ཙམ་འདོན་པ་དང་། སྲིད་གཞུང་ནས་ཁ་གསབ་ཕྲན་ཙམ་སྤྲོད་པ། སྤྱི་ཚོགས་ཀྱིས་རོགས་རམ་ཕྲན་ཙམ་བྱེད་པ”བཅས་བྱས་པས་ཁུལ་ཆུང་གི“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་ཐག་གཅོད་ཐུབ་ཡོད།
ཀོང་ཀྲོའུ་གྲོང་ཁྱེར་གྱི་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ལས་གནས་ཀྱི་འགན་འཁྲི་དང་ལས་ཀའི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་བྱེད་ཞོར་གནད་དོན་བཤེར་འདོན་དང་གནད་དོན་ལ་དག་ཐེར་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་གཟུགས་བརྙན་བཏོད་པ་དང་དམངས་སེམས་ཐོབ་ཐབས་བྱས་ཡོད།
ལམ་ཟུར་ཁྲོམ་འདོན་ཚོང་པས་ལམ་བུ་བཟུང་བ་དང་འགྲིམ་འགྲུལ་འཚང་ཁ་བཟོ་བ་སོགས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་ལ་དམིགས་ཏེ། ཧྲན་ཤིས་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ཞའོ་ཏན་ཆུས་ཀྱིས་སྡེ་ཚན་གྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཧུར་ཐག་བསྒྲུབས་ཏེ། “ཕར་ཆིན་རྒྱག་པའི་སྙིང་རུས”ལ་བརྟེན་ནས་སློབ་གྲྭའི་ཉེ་འཁོར་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བས། ཁོར་ཡུག་གི་སྒྲིག་ལམ་མངོན་གསལ་དོད་པོས་ལེགས་སུ་སོང་སྟེ་མང་ཚོགས་ཚོར་སྐྱིད་སྣང་དོད་དུ་ཕྱིན་པའི་ཚོར་སྣང་ཏན་ཏིག་བྱུང་ཡོད།
དམངས་ལ་ཞབས་འདེགས་ཞུ་བའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བར་དམིགས་ཏེ། ཅང་སུའུ་ཞིང་ཆེན་ཝུའུ་ཤིས་གྲོང་ཨུད་ཏང་གི་སློབ་གྲྭས“དོན་དག་ཆུང་ཙག”ནས་འགོ་བརྩམས་ཏེ་སྡེ་ཁུལ་གྱི་བུ་བཅོལ་ཞབས་ཞུ་དང་། ས་ཞིང་ཤོར་བའི་ཞིང་པའི་འབབ་འཕར། སྨན་པ་བསྟེན་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་སོགས་ཀྱི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་ཞིབ་འཇུག་འབྲས་བུ་བཏོན་ཡོད། མིག་སྔར་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་པའི་གྲོང་ཁྱེར་དང་ཐིང་རིམ་པའི་ཞིབ་འཇུག་བྱ་གཞི་8ལག་ལེན་བསྟར་བ་དང་། དེའི་ནང་ནས་གྲོས་འགོ་མང་པོ་ཞིག་འབྲེལ་ཡོད་སྡེ་ཚན་གྱིས་དང་ལེན་བྱས་ཡོད།
ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་གདེང་འཇོག་ཡག་ཉེས་དེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་དཔྱད་བཤེར་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། “དྲི་བ་ཆེན་པོ་གཉིས་ཁྱེར་ནས་དུད་ཚང་དུ་འཚམས་འདྲིར་བསྐྱོད་པའི”ལམ་སྲོལ་བཙུགས་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་གྲོང་ཚོ་དང་ཁེ་ལས་སུ་གཅིག་ནས“དཀའ་ངལ་ག་རེ་ཡོད་མེད”དང་གཉིས་ནས“ལས་དོན་ག་རེ་སྒྲུབ་དགོས་མིན”དྲི་བར་བསྐྱོད་ཡོད། ཧའོ་ཀྲའེ་ཁྲོམ་གཞུང་གི“ལི་ཏ་ཙུའུ”ཐུན་མོང་འབྱོར་ཕྱུག་ཡུག་ཁུལ་དུ་འཚམས་འདྲི་བྱས་རྗེས། “དེ་སྔའི་རླངས་འཁོར་འཇོག་སས་ཉིན་རེ་བཞིན་མང་དུ་འགྲོ་བའི་རླངས་འཁོར་གྱི་དགོས་མཁོ་སྐོང་མི་ཐུབ་པའི”གནད་དོན་ལ་མང་ཚོགས་ཀྱི་བསམ་འཆར་ཆེ་ཙམ་ཡོད་པ་ཤེས་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་དུ“རླངས་འཁོར་འཇོག་དཀའ་བའི”གནད་དོན་བཅོས་སྒྲིག་བྱེད་འགོ་བཙུགས་ཏེ། ལུགས་མཐུན་ངང་ས་ཆ་སྟོང་པ་བཀོད་སྒྲིག་གིས་རླངས་འཁོར་འཇོག་ས་1000ལྷག་ཙམ་མང་དུ་བཏང་བ་མ་ཟད། “རིག་ལྡན་རླངས་འཁོར་འཇོག་སའི”མ་ལག་བསྒར་ཏེ་ཕྱི་ནས་ཡོང་བའི་ཡུལ་སྐོར་བས་ཡུལ་དེའི་ཡུལ་མི་དང“རླངས་འཁོར་འཇོག་ས”ཧབ་ཐོབ་རྒྱག་པའི་སེམས་ནད་ཧུར་ཐག་བསལ་ཡོད།
སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་གྱིས་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་ཤུགས་ཆེན་གཏོང་བར་བརྟེན་ནས་ཚོར་གཉེར་ཁོར་ཡུག་ལེགས་སུ་འགྲོ་བར་སྐུལ་ཁྲིད་བྱས་པ་དང་། “འཚམས་འདྲི་ཆེ་མོ་དང་། བརྟག་ཞིབ་ཆེ་མོ། ཞབས་ཞུ་ཆེ་མོ”བཅས་ཀྱི་བྱེད་སྒོ་དང་བཟོ་ལས་ཁེ་ལས་ཀྱི་ཐོན་ནུས་བེད་སྤྱོད་མཐོར་གཏོང་གི་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ། ཁེ་ལས་ཀྱི་དུས་འཁོར་ཧྲིལ་པོར་ཞབས་འདེགས་ཞུ་བའི་མ་ལག་བཏོད་ནས་ཁེ་ལས་ཀྱི་མངགས་ཐོ་མང་དུ་གཏོང་བ་དང་། ཁྲོམ་ར་རྒྱ་སྐྱེད། ཐོན་སྐྱེད་བརྟན་པོ་བཅས་ཡོང་བར་རོགས་རམ་བྱས་ཡོད།
“ལས་ཀའི་ཉིན་མོ་51ནང་གན་རྒྱ་བཞག་པ་དང་ཉིན་22ནང་ལས་འགོ་བཙུགས་པ་ཡིན” ནན་ཁྲུང་གྲོང་ཁྱེར་དུ་གློག་འདྲེན་ཕྱེད་རྫས་ཀྱི་ཕྲ་མཐོང་མངོན་ཆས་རྣམ་གྲངས་ལ་མ་རྩ་གསར་དུ་བཞག་པའི་སྐོར་གླེང་སྐབས་ཤིས་ཐའེ་རིག་ནུས་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲའོ་ཀྲེང་ཤའོ་ཡིས་མྱོང་ཚོར་ཟབ་མོས“ལས་བྱེད་པས་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་དང་རོགས་རམ་བྱས་པས་ང་ཚོའི་ཁེ་ལས་གཉེར་སྐྱོང་ཐད་དེ་བས་བློ་བདེ་པོ་དང་འཕེལ་རྒྱས་ལ་དེ་བས་གདེང་ཚོད་ལྡན་པར་གྱུར་སོང”ཞེས་བརྗོད།