འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་4ཉིན།

༄༅།།གཙོད་ཁྱུ་མཚོ་བོད་གཞུང་ལམ་སྒྲོལ་བར་སྲུང་སྐྱོབ་བྱས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་04ཉིན། 14:39】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཞོགས་པའི་ཆུ་ཚོད་བརྒྱད་པར་གསར་འགོད་པ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ནས་རྡོག་ཐོན་བྱས། མཚོ་བོད་ལམ་ཐིག་ཧྲིལ་པོ་རྒྱ་ཆེ་རུ་གཏོང་བཞིན་ཡོད་པས་མ་གཞི་ཆུ་ཚོད་ལྔ་ཡི་རླངས་འཁོར་ལམ་ཐག་ཡིན་རུང་ཁུ་ཁུ་ཤི་རིའི་སྨུག་ས་ལ་སྒང་་སྲུང་སྐྱོང་ས་ཚིགས་དང་རྒྱལ་ལམ་109ཡི་སྤྱི་ལེ་3002ཀྱི་སར་སླེབས་སྐབས་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཟིན་སོང་།

      ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་སྤྱི་བདེ་ཅུས་ཁུ་ཁུ་ཤི་རི་རང་བྱུང་སྲུང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཤིན་ལུའུ་ཡིས། “འདི་གཙང་གསུམ་ཆུ་འགོའི་གཙོད་གནས་སྤོའི་ཆེད་སྤྱོད་ལམ་ཡིན་པས་ཉེ་དུས་ཚང་མ་ཤར་བགྲོད་ཐུབ་ཡོད། ཟླ་7ཚེས་12ཉིན་ནས་བཟུང་། གཙོད་ཕྲུག་བཙས་ཟིན་པའི་གཙོད་མོས་གཙོད་ཕྲུག་ཁྲིད་དེ་དེ་སྔའི་འཚོ་གནས་བྱ་ཡུལ་དུ་ལོག་གི་ཡོད། ལྟོས་དང་ཕ་གིར་གཙོད་མོ་བཅུ་གྲངས་ལྷག་ཆུ་ཚོད་གཅིག་ཙམ་རིང་ཕར་འགྲོ་ཚུར་འོང་བྱས་ནས་བསྡད་སོང”ཞེས་བཤད།

     ཁུ་ཁུ་ཤི་རིའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཁག་གཉིས་སུ་བགོས་ནས་ལམ་ཚད་རྡོ་རིང་3002ལྟེ་བར་བྱས་ཏེ་ཕྱོགས་གཉིས་ཀྱི་སྨི་500ལྷག་ཙམ་གྱི་ཁྱབ་ཁོངས་སུ་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་དོ་དམ་ཚོད་འཛིན་བྱེད་འགོ་ཚུགས། ཉེན་རྟོག་པ་རྟ་མགྲིན་གྱིས་ལག་ཏུ“རླངས་འཁོར་ཁ་བཀག”སྟོན་རྟགས་མཐོན་པོར་བཀྱག་ནས་རླངས་འཁོར་འཁྱུག་ཙམ་ལམ་འགྲམ་དུ་ཁ་བཀག་དགོས་པའི་ཁྲིད་སྟོན་བྱེད་རིང་རྒྱལ་ལམ་109ཡི་འགྲམ་དུ་འགྲོ་སྐྱོད་བྱེད་མཁན་རླངས་འཁོར་བཅུ་ལྷག་ཙམ་གྱིས་དེར་ཁ་བཀག

     སྐར་མ་བཅུ་ལྷག་ཙམ་སོང་རྗེས། གཙོད་ཁྱུའི་ཁྱུ་སྣེ་ཁྲིད་མཁན་དེས་གློ་བུར་དུ་ཁ་ཕྱིར་སློག་ནས་རྒྱུགས་པས། གཙོད་ཁྱུ་ཕྱིར་ལོག་པ་མཐོང་རྗེས་ཀྲའོ་ཤིན་ལུའུ་ཡིས“རླངས་འཁོར་སྐྱོད་ཆོག་པའི”བཀའ་བཏང་། ཁོང་གིས“དབྱར་དུས་ནི་མཚོ་བོད་ལམ་ཐིག་ཐོག་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་མང་ཤོས་ཀྱི་དུས་ཚིགས་ཡིན་པས། གལ་སྲིད་དོ་དམ་ཚོད་འཛིན་གྱི་དུས་ཚོད་རིང་དྲགས་ན་རླངས་འཁོར་འགག་ཚབས་ཆེན་པོ་ཡོད། ང་ཚོས་ས་གནས་ས་ཐོག་གི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་བཀོད་གཏོང་བྱེད་ཀྱི་ཡོད”ཅེས་བཤད།

     ཚན་རྩལ་གྱིས་ཀྱང་གཙོད་གནས་སྤོ་བྱེད་པར་རམ་འདེགས་བྱེད་ཀྱི་ཡོད་ཅིང་། འགྲོ་ལམ་གཡས་གཡོན་དུ་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཝང་ཏུང་དང་ལི་ཆོན་པང་གིས་བརྙན་ཤེལ་ལ་ལྡིར་བཞིན་འདུག མིག་མདུན་དུ“འགུལ་བདེའི་སོ་དམག”ཡོད། མཐོ་ཚད་སྨི་5ཡོད་པའི་བརྙན་ཤེལ་གྱི་རྩེ་མོར་སྤྱི་ལེ་5ཡི་ཁྱབ་ཁོངས་ཀྱི་ཡུལ་ལྗོངས་ཧྲིལ་པོ་པར་ལེན་ཐུབ་པའི་དཔར་མིག་རེད།

     “རླངས་འཁོར་གྱི་དུང་བརྡ་དང་རླངས་འཁོར་འགྲོ་སྐྱོད་བྱེད་པའི་སྒྲ་ཡིས་གཙོད་ལ་འདྲོག་འགོ་སློང་གི་ཡོད། ང་ཚོས་སྨུག་ས་ལ་སྒང་སྲུང་སྐྱོང་ས་ཚིགས་གཙོ་བོར་བྱས་པའི་སྟོབས་ཤུགས་སྤྱི་འདོམས་བྱས་ནས་གཞི་རིམ་སྲུང་སྐྱོབ་ས་ཚིགས་ཁག་གིས་ཁོངས་གཏོགས་ཁུལ་དུ་སྐོར་སྲུང་མཚམས་མི་ཆད་པར་བྱས་ཏེ་གཙོད་གཞུང་ལམ་འཕྲེད་བརྒལ་བྱེད་རྩིས་ཡོད་པ་མཐོང་འཕྲལ་འགྲིམ་འགྲུལ་བཀག་སྡོམ་བྱེད་ཀྱི་ཡོད”ཅེས་ཁུ་ཁུ་ཤི་རི་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ངག་དབང་བསྟན་པས་བཤད།

     དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་བཅུ་ཙམ་དུ་སླེབས་ཀྱང་མུན་པ་ཡོངས་སུ་རུབ་ཀྱི་མེད། གློ་བུར་དུ་དཔར་མིག་བརྙན་ཤེལ་ནས་གཙོད་མཐོང་བྱུང་། གཙོད་དེ་དག་ལུང་ཤུར་ནས་ཡོང་བ་དང་གཙོད་ཁྱུའི་ཁྱུ་སྣེ་ཁྲིད་མཁན་གྱིས་གོམ་པ་སྔར་བས་མགྱོགས་སུ་བཏང་ཞིང་། དེ་དག་ཡོད་ས་ནས་རྒྱལ་ལམ་109བར་སྨི་200ཙམ་ལས་མེད། ཁྱུ་སྣེ་ཁྲིད་མཁན་གྱི་རྗེས་སུ་སྙེགས་པའི་གཙོད་ཀྱང་ཇེ་མང་དུ་ཕྱིན་ནས་མཉམ་དུ་འཛོམས་རྗེས་རྒྱལ་ལམ109ཡི་འགྲམ་དུ་བསྐྱོད་སོང་།

    འགྲོ་ལམ་གྱི་གཞོགས་གཉིས་སུ་ཁ་ཁུ་སིམ་པོར་གནས་ཞིང་། གཙོད་ཁྱུ་རྒྱལ་ལམ་109ཡི་འགྲམ་དུ་སླེབས་རྗེས་གཙོད་ཁྱུའི་ཁྱུ་སྣེ་ཁྲིད་མཁན་དེས་མཐའ་འཁོར་གྱི་ཁོར་ཡུག་ལ་ལྟ་ཞིབ་བྱེད་སྐབས་ང་ཚོ་དཔར་མིག་ལྟ་མཁན་མི་མང་པོ་ཞིག་གཙོད་ཁྱུ་དང་བར་ཐག་སྨི་བརྒྱ་ཕྲག་ཁ་ཤས་ཡོད་རུང་སྐད་ཤུགས་ཆུང་དུ་ཕྱིན་སོང་།

     གློ་བུར་དུ་གཙོད་གཅིག་གཞུང་ལམ་ཐོག་འཕར་མཆོང་བརྒྱབ་པ་དང་སྦྲགས། རྒྱབ་ཕྱོགས་སུ་ཡོད་པའི་གཙོད་ཁ་ཤས་ཀྱང་དེའི་རྗེས་སུ་འབྲངས་ནས་ཐད་ཀར་གཞུང་ལམ་བརྒལ་བ་དང་། རྗེས་མཐུད་ཀྱི་གཙོད་ཁྱུ་ཡང་དེའི་རྗེས་སུ་བསྐྱོད་སོང་།

     དོ་དམ་ཚོད་འཛིན་གྱི་བར་གསེང་དུ་ཁུ་ཁུ་ཤི་རིའི་སྤྱི་བདེ་དང་དོ་དམ་བདག་སྐྱོང་བས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཁ་ལོ་བ་དང་འགྲུལ་པ་ཚོར་ཁུ་ཁུ་ཤི་རིའི་སྲུང་སྐྱོབ་དྲིལ་བསྒྲགས་ཤོག་བྱང་སྤྲོད་ཀྱི་ཡོད། “ད་ལྟ་ཚང་མའི་སྲུང་སྐྱོབ་འདུ་ཤེས་ཟབ་ཏུ་ཕྱིན་པས་འགྲིམ་འགྲུལ་དོ་དམ་ལ་བསམ་ཤེས་ཡག་པོ་བྱེད་ཀྱི་འདུག་ལ་རླངས་འཁོར་གྱི་དུང་བརྡ་གཏོང་མཁན་སྤྱིར་བཏང་མེད”ངག་དབང་བསྟན་པས“ལོ་རེའི་ཟླ་5པ་ནས་བཟུང་གཙོད་ཁྱུ་ཁུ་ཁུ་ཤི་རིའི་དབུས་སུ་གནས་པའི་རྩོ་ནག་མཚོ་རུ་འགྲོ་གི་ཡོད། དེ་གར‘གཙོད་ཕྲུག་བཙའ་ཁང’ཞེས་འབོད་ཀྱི་ཡོད། ཟླ་7པའི་ཟླ་དཀྱིལ་དང་ཟླ་མཇུག་ནས་བཟུང་ཕྱིར་ལོག་གི་ཡོད། ང་ཚོས་ཁུ་ཁུ་ཤི་རིའི་དོ་དམ་ཁྲུའུ་དང་མཉམ་དུ་ཉིན་མཚན་ཀུན་ཏུ་རྩོ་ནག་མཚོའི་མཐའ་འཁོར་དང་རྒྱལ་ལམ་109ཡི་རྒྱུད་བསྲུངས་ནས་གཙོད་ཕྲུག་བདེ་བླག་ངང་བཙའ་བ་དང་གནས་སྤོ་བར་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད”ཅེས་བཤད།

     དགོང་མོའི་ཆུ་ཚོད་8དང་སྐར་མ་40ཙམ་གྱི་ཉི་མ་བཞུད་ལ་ཁར་ཉིན་དེའི་རྒྱལ་ལམ་109བརྒྱུད་མཁན་གཙོད་མཐའ་མ་དེ་ཡང་ཕྱིར་ལོག་སོང་།

     དེ་ནི་ལོ་རེའི་ཚེ་སྲོག་གི་གནས་སྤོའི་དུས་ཚིགས་ཡིན་ལ་དེ་དག་གི་གཏམ་རྒྱུད་ཡང་སྔར་བཞིན་ཡངས་ཤིང་རྒྱ་ཆེ་བའི་གནམ་སའི་བར་གྲགས་བཞིན་མཆིས།