གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་26ཉིན། 14:45】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་8ཚེས་24ཉིན་ནས་བཟུང་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་གི་ཆེད་བསྐོས་ཕོ་ཉ་ཚོགས་པས་ཀྲུང་གོར་དུས་ཡུན་ཉིན་4ཡི་འཚམས་འདྲི་བྱེད་འགོ་ཚུགས་ཤིང་། ཁོ་རེ་ཡ་ལྷོ་མའི་སྨྱན་སྦྱོར་མང་པོས་ད་ཐེངས་ཀྱི་འཚམས་འདྲི་དེ་ལས་ཙུང་ཐུང་ལི་ཙའེ་མིང་གིས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་འདོད་བློ་མཚོན་པ་དང་ཁོ་རེ་ཡ་ལྷོ་མས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཁོ་རེ་ཡ་ལྷོ་མའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་དོན། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་གི་ཆེད་བསྐོས་ཕོ་ཉ་ཚོགས་པ་ཚེས་24ཉིན་ཀྲུང་གོར་འཚམས་འདྲིར་སྐྱོད་འགོ་ཚུགས་པ་དང་འབྲེལ་ལི་ཙའེ་མིང་གིས་བཏང་བའི་འཕྲིན་ཡིག་བརྒྱུད་སྤྲོད་བྱ་རྒྱུ་རེད། ད་ཐེངས་གི་འཚམས་འདྲི་དེ་ལི་ཙའེ་མིང་ཨ་རིར་བསྐྱོད་ནས་ཁོ་རེ་ཡ་ལྷོ་མ་དང་ཨ་རིའི་གཙོ་འཛིན་གྱི་གྲོས་མོལ་ལ་ཞུགས་པའི་དུས་དང་ཏག་ཏག་ཁེལ་ཡོད་པ་དེ་ནི། ཁོ་རེ་ཡ་ལྷོ་མ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་སྣང་ཆུང་མི་བྱེད་པ་མཚོན་པའི་བསམ་བློ་མཚོན་ཡོད།
སིང་ཀ་ཕོར་གྱི་《མཉམ་འབྲེལ་ཞོགས་པའི་ཚགས་པར་》ཐོག་བཀོད་གསལ། བཅར་འདྲི་དང་ལེན་བྱེད་མཁན་མཁས་དབང་གིས་ལི་ཙའེ་མིང་གིས་དངོས་གཉེར་ཕྱི་འབྲེལ་གྱི་ལམ་ཕྱོགས་སྐྱོང་བཞིན་ཡོད་པ་རེད། ཁོ་རེ་ཡ་ལྷོ་མ་དང་ཨ་རིའི་གཙོ་འཛིན་གྱིས་གྲོས་མོལ་བྱེད་པའི་དུས་སུ་ཙུང་ཐུང་གི་ཕོ་ཉའི་ཚོགས་པ་ཀྲུང་གོར་འཚམས་འདྲིར་བཏང་བ་དེའི་ཐོག་ནས་ཁོང་གིས་ཀྲུང་གོར་མཐོང་ཆེན་བྱེད་པ་དང་ཨ་རི་དང་ཁོ་རེ་ཡ་ལྷོ་མའི་མནའ་འབྲེལ་གྱི་རྨང་གཞིའི་ཐོག་ཀྲུང་གོ་དང་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཡིན་པ་མཚོན་ཡོད་ཟེར།
ཁོ་རེ་ཡ་ལྷོ་མའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བརྗོད་དོན། ཆེད་བསྐོས་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ནི་དེ་སྔའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཕེའོ་པིང་ཞི་ཡིན་པ་དང་ཁོངས་མིའི་ཁྲོད་སྲིད་འཛིན་ཏང་སྟེ་ཐུན་མོང་དམངས་གཙོ་ཏང་གི་གྲོས་མིའི་ནང་“ཀྲུང་གོ་མཁྱེན་མཁན་”ཞེས་འབོད་པའི་ཅིན་ཐའེ་ཉན་དང་ཕེའོ་ཏིང་། དེ་བཞིན་འདས་ཟིན་པའི་ཙུང་ཐུང་ཟུར་བ་ལུའུ་ཐའེ་ཡུས་ཀྱི་བུ། ཨེ་ཤ་ཡ་ཤར་མའི་རིག་གནས་ལྟེ་གནས་ཀྱི་ལས་འཛིན་པ་ལུའུ་ཙའེ་ཤན་བཅས་ཚུད་ཡོད་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ལམ་ལ་མ་ཆས་གོང་དུ་ཕེའོ་པིང་ཞི་ཡིས་རེན་ཁྲོན་རྒྱལ་སྤྱིའི་གནམ་ཐང་དུ་གསར་འགོད་པར་ད་ཐེངས་ཀྱི་འཚམས་འདྲིའི་དམིགས་ཡུལ་ནི་ཕན་ཚུན་དབར་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་ལས་ཀྱི་བར་མཐོངས་གསར་པ་གཏོད་ཆེད་ཡིན་ཞེས་བཤད་པ་རེད།
ཕེའོ་པིང་ཞི་ཡིས་ད་དུང་བཤད་དོན། ལི་ཙའེ་མིང་གི་འཕྲིན་ཡིག་གི་ནང་དོན་གཙོ་བོ་ནི་ཁོ་རེ་ཡ་ལྷོ་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁོ་རེ་ཡ་ལྷོ་མ་དང་ཀྲུང་གོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་ལ་དེ་བས་ལེགས་པའི་ཕན་པ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ཁོ་རེ་ཡ་ལྷོ་མའི་《ཨེ་ཤ་ཡ་ཉིན་རེའི་ཚགས་པར་》སོགས་སྨྱན་སྦྱོར་གྱིས་དོ་སྣང་བྱུང་དོན། ཀྲུང་གོའི་ཕྱི་འབྲེལ་པུའི་གཞུང་ཕྱོགས་དྲ་ཚིགས་ཐོག་ཏུ་ཟླ་8ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་པེ་ཅིང་དུ་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་གི་ཆེད་བསྐོས་སྐུ་ཚབ་ཕེའོ་པིང་ཞི་ལ་ཐུག་འཕྲད་བྱས་ཞིང་། ཝང་དབྱི་ཡིས་དེ་རིང་ནི་ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་33འཁོར་བའི་དྲན་གསོའི་ཉིན་མོ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་འགྲོ་བཞིན་པའི་དུས་སྐབས་གལ་ཆེན་ཞིག་ཏུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ནམ་ཡང་ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མའི་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
ཁོ་རེ་ཡ་ལྷོ་མའི་ཉིའུ་སི་ཕེན་འཕྲིན་གཏོང་ཁང་གིས་ཆེད་དོན་རྩོམ་ཡིག་སྤེལ་དོན། ཀྲུང་ཁོ་དབར་ཕྱི་འབྲེལ་བཙུགས་ནས་ལོ་སུམ་ཅུ་ལྷག་ཙམ་སོང་བའི་རིང་ཀྲུང་གོའི་འཕོ་འགྱུར་ནི་“བསམ་ཡུལ་ལས་འདས་པ་”ཞིག་རེད། མིས་བཟོས་རིག་ནུས་ཁྱབ་ཁོངས་དང་། གྲུ་བཟོའི་ལས་རིགས། མཁའ་འགྲུལ་ཁྱབ་ཁོངས། གློག་སྒུལ་རླངས་འཁོར། ལྗང་མདོག་དཔལ་འབྱོར་སོགས་ཀྱི་ཐད་ལ་ཀྲུང་གོའི་འཕེལ་རྒྱས་ཧ་ལ་པ་ཞིག་རེད།
རྩོམ་ཡིག་ནང་ལི་ཙའེ་མིང་སྲིད་གཞུང་གི་དངོས་གཉེར་ཕྱི་འབྲེལ་འགྲུབ་མིན་ཕྱེད་ཀ་ནི་ཀྲུང་གོ་དང་འབྲེལ་བ་ཇི་ལྟར་བྱེད་པར་རག་ལས་ཡོད་ཅེས་བརྗོད་པ་རེད།
ཁོ་རེ་ཡ་ལྷོ་མའི་《ཀྲུང་དབྱང་ཉིན་རེའི་ཚགས་པར་》གྱི་ཆེད་དོན་ལེ་ཚན་གྱི་རྩོམ་ཡིག་གིས་ངོས་འཛིན་བྱས་དོན། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་། ཚན་རྩལ་གསར་གཏོད་ཀྱི་ལམ་བུའི་ཐོག་ཀྲུང་གོ་སྲིད་གཞུང་གིས་དམངས་ཚོགས་དང་ཕྱར་བ་གྲུ་འདེགས་ངང་འབད་འབུངས་མདུན་སྐྱོད་བྱེད་ཀྱི་ཡོད། རྩོམ་ཡིག་ནང་ཁོ་རེ་ཡ་ལྷོ་མའི་སྨྱན་སྦྱོར་གྱིས་ཀྲུང་གོའི་འཕེལ་རྒྱས་མཐོང་ཡང་མ་མཐོང་ཁུལ་བྱེད་མི་རུང་ལ། ཁོ་རེ་ཡ་ལྷོ་མས་ཞི་ལྷོད་ཀྱི་སྒོ་ནས་ཀྲུང་གོའི་གནས་ཚུལ་ངོ་མར་དོ་སྣང་བྱེད་དགོས་ཞེས་བརྗོད་པ་རེད།