འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་26ཉིན།

༄༅།།“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པའི་སྐོར་གྱི་དངོས་བྲིས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་26ཉིན། 15:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ། ཧུའུ་ཙེ་ཤིས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཞའོ་སུང་། ཀྲུའུ་ཅི་ཁྲའེ།

     ཚེས་21ཉིན། ཆར་པ་བབས་རྗེས་ཀྱི་ཞོགས་པའི་ནམ་མཁའ་རིམ་བཞིན་དྭངས། བོད་ལྗོངས་ལྷ་སར་བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལས་ལོ་རྒྱུས་ཀྱི་དོན་ཆེན་གྲངས་མེད་ལ་བདེན་དཔང་བྱས་ལ། ལོ་རྒྱུས་གསར་པར་ཡང་བདེན་དཔང་བྱེད་མུས་ལགས། དུས་ཆེན་གྱི་གཟབ་མཆོར་སྤྲས་པའི་མི་རིགས་ཁག་གི་མང་ཚོགས་ཚོས་དར་དམར་གཡུག་གཡུག་བྱེད་བཞིན་ཕྱོགས་བཞི་མཚམས་བརྒྱད་ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཉམ་འཛོམས་བྱས།

     1965ལོའི་ཟླ་བ་9པར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བརྩིས་ན་ད་བར་རབ་བྱུང་གཅིག་ཏག་ཏག་སོང་ཡོད། དུས་ཀྱི་འགྱུར་བ་དང་བསྟུན་ནས་གནམ་ས་བསྒྱུར་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱིས“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།

     ལོ་རྒྱུས་ཀྱི་མཚམས་ཚིགས་དང་དགའ་སྟོན་གྱི་དུས་འདིར། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་བོད་དུ་ཕེབས་པ་རེད།

     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཕེབས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད།

     ཆུ་ཚོད་10པ་ཙམ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་གྱི་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་སྐབས། ཐལ་མོའི་རྡེབ་སྒྲ་མཁའ་དབྱིངས་སུ་གྲགས།

     བོད་རང་སྐྱོང་ལྗོངས་ལ་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་བྲིས་ཕྱག་བསྟར་མ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་བསྩལ་བ་རེད།

     ལེ་ཚན་གསར་པ་དེ་ནི་མི་མང་པོས་ལོ་ཟླ་མང་པོའི་རིང་དཀའ་བ་དུ་མ་སྤྱད་དེ་བརྩམས་པ་ཞིག་རེད།

     ལེ་ཚན་གསར་པ་དེ་ནི་ལོ་ངོ་60ཡི་རིང་གི་བོད་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་བའི་རྒྱུན་མཐུད་ཅིག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ཡང་རྩེར་ངོ་མཚར་གསར་པ་རྒྱུན་ཆད་མེད་པར་བཏོད་པའི་དུས་རབས་ཀྱི་ལེ་ཚན་གསར་པ་ཞིག་རེད།

      “ང་ཚོས་བོད་ཀྱི་ལོ་ངོ་60ཡི་ལེ་ཚན་གསར་པ་རྩོམ་བཞིན་ཡོད། བརྒྱུད་རིམ་འདིའི་ནང་ང་ཚོས་སྔོན་ལ་ལོ་བརྒྱ་གཉིས་པའི་ལེ་ཚན་རྩོམ་གྱི་ཡིན” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི“ལོ་བརྒྱ་གཉིས་པའི”ནང་དོན་ཟབ་ཤོས་ཁྲོད་བཞག་ནས་བསམ་གཞིག་གནང་གི་ཡོད། གསར་འབྱེད་དང་འབད་འཐབ་བྱེད་པར་ལམ་ཐག་རིང་བར་མི་སྐྲག་པ་དང་དྲག་ཆར་རླུང་འཚུབ་ལ་མ་འཛེམས་པར“ཡར་བརྩོན་དང་འབད་འཐབ་ཧུར་ཐག་བྱས”ཏེ། “དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་གྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས”

ལོ་ངོ་60ཡི་རིང་གི་འཕོ་འགྱུར་རླབས་པོ་ཆེ།

     “ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། བོད་ལྗོངས་གསར་པ་དེ་བས་ཀྱང་མེད”

     ལྷ་སར་ཕེབས་འབྱོར་ཟིན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པའི་སྐད་ཆ་འདི་ཐེངས་མང་གསན་ཡོད།

     ལོ་ངོ་60ཡི་གོང་གི་སྟོན་ཁར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་རེད།

     “ཆོས་སྲིད་ཟུང་འབྲེལ”ནས་མི་དམངས་དམངས་གཙོའི་བར་དང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བར། མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག་བཅས་ཀྱི་ཕྱོགས་སུ་བསྐྱོད་ཡོད། བོད་ཀྱི་མི་དམངས་ཀྱིས“ལོ་ངོ་སྟོང་གི་མཆོང་སྐྱོད་གཅིག”ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གཞི་ནས་མངོན་འགྱུར་ཐུབ་པའི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་མཐོང་དཀོན་པའི་ངོ་མཚར་ཞིག་རེད་ཅེས་བརྗོད་ཀྱི་ཡོད།

      ཚེས་20ཉིན། གནམ་ཐང་དུ་ཕེབས་འབྱོར་ཟིན་པ་དང་ལམ་བར་དུ་དགའ་སྤྲོའི་རྣམ་པས་ཁེངས། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་སྐབས་ཐལ་མོའི་རྡེབ་སྒྲ་འུར་ཐིང་ཐིང་དུ་གྲགས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་ཚོགས་འདུའི་ཐོག་མངགས་བཅོལ་ཟབ་མོ་གནང་བ། དེ་ཉིན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་མཇུག་འགྲིལ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་བཞུགས་གནས་སུ་ལོག་ཕེབས་སྐབས་མཁའ་དབྱིངས་སུ་ཚོན་ཁྲ་ཅན་གྱི་ཤོག་སྦག་རྣམ་པར་བཀྲ

     ཚེས་21ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད། གནམ་ཐང་དུ་ཕེབས་འབྱོར་ཟིན་རྗེས། མགུལ་ལ་དཀར་གཙང་མཇལ་དར་བཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིས་གནམ་གྲུའི་སྐས་ཀ་ནས་ཕྱག་གཡུག་གཡུག་གནང་གིན་ཕེབས་པ་དང་། ཞལ་གྱེས་ཞུ་བར་བཅར་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུ་བའི་རྣམ་པ་དེ་མི་སེམས་འགུལ་བ་ཞིག་ཡོད།

     བོད་ལྗོངས་ནི་ཀྲུང་གོའི་སྐམ་ས་ཆེན་པོར་བཅིངས་འགྲོལ་གཏོང་ཕྱི་ཤོས་ཀྱི་མི་རིགས་ས་ཁུལ་ཞིག་རེད།

     ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ལམ་ལུགས་ཀྱི་སྒྲོམ་གཞི་དེ་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཟིན་པའི་ས་གཞི་ཆེན་པོར་ཁྱབ། དེ་ལས་མི་རྣམས་ཀྱིས་འགྱུར་ལྡོག་ཟབ་མོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་ཡོད།

གྲངས་གཞི་ལས་ཐམས་ཅད་མངོན།

     “རང་སྐྱོང་ལྗོངས་ཀྱི་ལོ་ངོ་60ཡི་རིང་གི་འཕེལ་རྒྱས་གྲུབ་འབྲས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པས་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། གྲངས་གཞི་འདི་དག་ལས་གང་འདྲ་ཞིག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ཟེར་བ་གསལ་པོར་ཤེས་ཐུབ” རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བཟང་ཚིག་ནན་ངང་གསུངས་དོན།

      དཔལ་འབྱོར་ཐད་2024ལོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1965ལོའི་ལྡབ་155ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1965ལོའི་ལྡབ་121ཡིན་པ། ཞིང་འབྲོག་པ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1965ལོའི་ལྡབ་199ཡིན་པ་བཅས་རེད།

     སྤྱི་ཚོགས་བྱ་གཞག་ཐད་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་ཡོད། རྫོང་དང་ཆུས་དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་པ་དང་། རྒྱལ་ཡོངས་ཀྱི་སྔོན་ལ་ལོ་15ཡི་གཞུང་གྲོན་སློབ་གསོ་ལག་བསྟར་བྱས་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.5བར་རིང་དུ་ཕྱིན་པ་བཅས་རེད།

      “ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། བོད་ལྗོངས་གསར་པ་དེ་བས་ཀྱང་མེད། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་དངོས་ལས་ར་སྤྲོད་གང་ལེགས་ཐུབ་ཡོད”

      ཚེས་21ཉིན་གྱི་སྔ་དྲོའི་རྟེན་འབྲེལ་ཚོགས་ཆེན་ཉིན་ཐད་གཏོང་བརྒྱུད་འཛམ་གླིང་ཡོངས་ལ་དངོས་ཡོད་དང་གསོན་ཉམས་དོད་པོས་བོད་ལྗོངས་ཀྱི་སྔ་དེང་གི་རྣམ་པ་གསལ་པོར་བསྟན་ཡོད།

      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཡི་ཕེབས་རོགས་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་པ་རེད།

     དགུང་ཨ་སྔོན་འོག་དང་བརྗིད་ཆགས་ཀྱི་རི་ཚོགས་ཁྲོད་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།

      རྒྱལ་གླུ་ལྷང་ལྷང་དུ་གྲགས་པ་དང་བསིལ་རླུང་ཁྲོད་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་གོ་ཆིང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།

     ཝང་ཧུའུ་ཉིང་གིས་བོད་རང་སྐྱོང་ལྗོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མའི་རྟེན་འབྲེལ་སྒོ་བན་བསྩལ་ནས་གསུང་བཤད་གནང་བ་རེད།

      བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་བོད་རིགས་མང་ཚོགས་ཀྱི་འཐུས་མི་སྒྲོལ་མ་རིག་འཛིན་གྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།

      “ངའི་མི་ཚེ་གང་པོའི་ཡོད་ཚད་ནི་གུང་ཁྲན་ཏང་གིས་གནང་བྱུང”ཞེས་སྒྲོལ་མ་རིག་འཛིན་གྱིས་གཏམ་བཤད་སྤེལ་སྐབས་མགྲིན་པ་བརྣངས་བཞིན་བརྗོད།

      བོད་འདི་ཉིད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་ཐར་བ་དང་མི་དམངས་རྣམས་རང་ཁྱིམ་རང་བདག་གི་ཕྱོགས་སུ་བསྐྱོད་པའི་རླབས་ཆེའི་ལོ་རྒྱུས་ཀྱི་འཕོ་འགྱུར་དངོས་སུ་བརྒྱུད་མྱོང་བའི་ཁོང་གིས“ང་རང་གི་ལས་དབང་ལ་འགྱུར་ལྡོག་ཇི་ཙམ་བྱུང་བ་ལས་བོད་ལྗོངས་ལ་འགྱུར་ལྡོག་དེ་ཙམ་བྱུང་བ་མཚོན་ཡོད”“ཏང་གི་བཀའ་དྲིན་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་སྙིང་དབུས་སུ་བཅངས་པ་དང་ཁྲག་རྒྱུན་དུ་སིམ་ཡོད་པས་ཚེ་གང་བརྗེད་མི་སྲིད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

      ཁོང་གི་སྐད་ཆ་མཇུག་འགྲིལ་མ་ཐག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་སྟེ་དགའ་བསུ་ཞུས་པ་རེད།

      ཀྲུའུ་ཞི་སྡིངས་ཆའི་ཁ་སྤྲོད་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་། དེ་ནས་རྒྱང་ལྟ་བྱས་ན། ལྟ་ན་སྡུག་པའི་ལྷོ་རིའི་སྤྱི་གླིང་གི་རི་རྩེ་ཡིན་པ་དང་། རི་རྩེར“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་རྒྱ་ཡིག་གི་ཡིག་འབྲུ་བཞི་གསལ་པོར་འཁོད་པ་དེ་ནི་ས་མཐོའི་བུ་ཕྲུག་ཚོའི་སེམས་གཏིང་གི་སྐད་ཆ་རེད།

     མང་ཚོགས་ཀྱི་གཟིགས་འབུལ་རུ་ཁག་གོ་རིམ་བཞིན་ཀྲུའུ་ཞི་སྡིངས་ཆའི་མདུན་ནས་བསྐྱོད། “དར་ཆས་ཁྲིད་སྟོན་བྱེད”དང་། “དོན་ཆེན་བཞི” “དུས་རབས་གསར་པར་མདུན་སྐྱོད་བྱེད” “མ་འོངས་པར་མདུན་སྐྱོད་བྱེད”བཅས་རྐྱང་ཚན་བཞི་ཡིས་དུས་ཀྱི་གོ་རིམ་བཞིན་ཐུན་མོང་མ་ཡིན་པའི་བསམ་བཀོད་མངོན་པར་བྱས། “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་ནི་ཧ་ཅང་མངོན་གསལ་དོད། དགོངས་པས་ཁ་སྒྱུར་ཕྱོགས་སྟོན་གནང་བའི་རྒྱང་ལམ་བརྗིད་ཆགས་ཤིང་ཡངས་པར་གྱུར།

       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཚོགས་ཆེན་གྱི་བརྒྱུད་རིམ་ཧྲིལ་པོར་གཟིགས་པ་དང་སྐབས་སྐབས་སུ་ཕྱག་གཡུག་གཡུག་དང་དགའ་བསུ་ཞུས།

      “མི་སེར་དང་ལྷག་པར་དུ་བོད་རིགས་མང་ཚོགས་ལ་ད་ཆའི་འཚོ་བ་འདི་འདྲ་སྐྱེལ་རྒྱུ་བྱུང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྒྲུབ་འོས་པའི་བྱ་བ་བསྒྲུབས་པས་རེད”ཅེས་པའི་བབ་ཆགས་པའི་བཀའ་མོལ་འདིས་གུང་ཁྲན་ཏང་མིས་གངས་ལྗོངས་ས་མཐོར་ཉིན་མཚན་ལྟོས་མེད་དུ་བརྟན་སྲུང་དང་འབད་འབུངས་བྱེད་པ་མཚོན་གྱི་ཡོད། “ཏང་ཀྲུང་དབྱང་འདི་གར་ཡོད” སྤྱི་ཁྱབ་ཧྲུའུ་ཅིས“བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ན་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་ཐུགས་བཟང་ཚིག་ནན་གྱིས་གསུངས་པ་རེད།

དུས་རབས་གསར་པའི་གོམ་ཞེང་ཆེན་པོ།

     “ཏང་གི་མཛད་ཕྱོགས་སྲིད་ཇུས་ནི་ཡང་དག་པ་ཞིག་ཡིན་ལ་བོད་ཀྱི་དོན་དངོས་དང་མཐུན་པ་ཞིག་ཀྱང་རེད”

     སྙན་སེང་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས”ཞེས་གསལ་སྟོན་གནང་ཡོད།

      ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བས་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་བརྗོད་གཞི་གལ་ཆེན་རབ་དང་རིམ་པར་འཕྲལ་དུ་ལན་འདེབས་དགོས་ཀྱི་ཡོད། དུས་གནས་རྟོགས་དཔྱོད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་མཐོ་ཚད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པའི”ཆོད་གཏམ་གལ་ཆེན་བཏོན་གནང་ཡོད།

     དེའང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་སྐད་ཅིག་ཙམ་ཡང་འཛོལ་མི་རུང་བའི་གཙོ་རྐང་ཞིག་རེད།

     སྙན་སེང་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས“ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས”བཅས“ལོ་རྒྱུས་ལྔའི”དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་དུས་མཚུངས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར“མོས་སེམས་ལྔ”སྟེ། རླབས་ཆེའི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

     དུས་རབས་གསར་པའི་ཏང་གི་བོད་སྐྱོད་མཛད་ཇུས་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན།

      2015ལོ་དང་2020ལོར་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཚོགས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད། བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་སུ་སླེབས་པ་མ་ཟད། ལག་ལེན་ལས“ཏང་གི་མཛད་ཕྱོགས་སྲིད་ཇུས་ནི་ཡང་དག་པ་ཞིག་དང་བོད་ཀྱི་དོན་དངོས་དང་མཐུན་པ་ཞིག་ཡིན་པ”ར་འཕྲོད་ཡང་ཡང་བྱུང་ཡོད།

      “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་ཉེར་ཡོད་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལ་འཐབ་འགོད་ཇུས་འདོན་བྱེད་བཞིན་ཡོད། བོད་སྐྱོང་བོད་བརྟན་དང་བོད་དར་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དང་ཟུང་འབྲེལ་བྱས་ནས་དེང་རབས་ཅན་གྱི་རྨང་གཞི་མུ་མཐུད་བརྟན་དུ་ཇི་ལྟར་གཏོང་དགོས་ཞེ་ན། སྤྱི་ཁྱབ་ཧྲུའུ་ཅིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་རྒྱུན་མཐུད་དམ་འཛིན་ཡག་པོ་བྱེད་དགོས”ཞེས་ཁ་ཕྱོགས་གསལ་སྟོན་གནང་ཡོད།

     ལོ་ངོ་60ཡི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་དང་པོ་ཟིན་པར་ལོ་ངོ་50འགོར་བ་དང་། སྒོར་དུང་ཕྱུར་སྟོང་གཉིས་པ་ཟིན་པར་ལོ་6ལས་འགོར་མེད། ད་ཆའི་བོད་དུ་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ས་མཐོའི་ཡང་བའི་བཟོ་ལས་སོགས་ཀྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་རགས་ཙམ་འགྲུབ་ཡོད།

     ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་གལ་ཆེན་ཐད་སླར་ཡང་ནན་བཤད་གནང་བ་སྟེ“བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་པས་ལས་དོན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་དོན་དངོས་ལ་གཞིགས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་ས་མཐོའི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་དགོས”

      ཟླ་བ་གོང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་དང་སྐུལ་འདེད་གནང་བའི་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭའི་ལས་འགོ་དངོས་སུ་བཙུགས་པར་འཛམ་གླིང་དུ་སྐད་གྲགས་བཞག་ཡོད། “ངས་ཐོག་མཐའ་བར་གསུམ་དུ་དོན་དག་འདིར་དོ་ཁུར་བྱེད་ཀྱི་ཡོད། ཡར་ཀླུར་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་ཁྲི་1.2བཏང་བ་དེ་ནི་སྔོན་ཆད་བོད་དུ་བསམ་མི་ཕོད་པའི་བྱ་བ་ཞིག་རེད། ད་ཆ་བོད་འདི་ཉིད་ཐག་རིང་ལུང་ཁུག་གི་ས་ཁུལ་ཞིག་མིན། གཞུང་ལམ་དང་ལྕགས་ལམ་ཉིས་གཤིབ་ཏུ་བསྐྲུན་པ་ལས་མི་རྣམས་འགྲོ་འོང་སྟབས་བདེ་རུ་སོང་བ་མ་ཟད། གློག་རྒྱལ་ཡོངས་ལ་གཏོང་ཐུབ་ཀྱི་ཡོད”

སྐྱེ་ཁམས་ནི་བོད་ཀྱི་དོན་ཆེན་ཞིག་རེད།

      བརྗིད་ཆགས་ཡིད་དུ་འོང་བའི་ཇོ་མོ་གླང་མ་དང་། གཡང་གཟར་ཆེ་བའི་གནམ་ལྕགས་འབར་བ། དྲག་ཏུ་རྒྱུག་པའི་ཡར་ཀླུང་གཙང་པོ་སོགས་ཡོད་པའི་མཚོ་བོད་ས་མཐོ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དང་འཐབ་ཇུས་ཐོན་ཁུངས་ཀྱི་གསོག་འཇོག་རྟེན་གཞི་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཕན་འབྲས་སྐལ་བརྒྱར་ཐོན་པ་དང་གནམ་འོག་ཀུན་ལ་ཕན་པ་ཐོབ་པའི་དོན་ཆེན་ཞིག་རེད”ཅེས་གཟིགས་རྒྱང་རིང་པོས་གསུངས་ཡོད།

བོད་ཀྱིས་སྐར་གྲངས་མཐོ་བའི་རྒྱུགས་ལན་ཞིག་ཕུལ་བ་སྟེ།

      རང་སྐྱོང་ལྗོངས་ཀྱི་50%ཡན་གྱི་རྒྱལ་ཁབ་ས་ཆ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པ་དང་། མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་99.7%ཡན་ཟིན་པ། ཆུ་དང་། གཙང་པོ། མཚོ་བཅས་གཙོ་བོའི་ཆུ་སྤུས་100%ཚང་མ་རིགས་Ⅲཔ་ཟིན་པའམ་དེ་ལས་ལེགས་པ་ཡོད།

      སྤྱི་ཁྱབ་ཧྲུའུ་ཅིས“‘འཛམ་གླིང་གི་ཡང་རྩེ’དང‘ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག’ལ་སྲུང་སྐྱོང་ཡག་པོ་བྱས་ནས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་སྐྲུན་དགོས་ལ། ང་ཚོར་དམིགས་ཚད་འདི་འདྲ་ཞིག་ཀྱང་ཡོད་དགོས”ཞེས་བཀའ་མངགས་ཟབ་མོ་གནང་ཡོད།

ལོ་ངོ་བཅུ་གྲངས་བརྒལ་བའི་འཕྲེང་སེམས།

      “ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས། ཁྱིམ་ཚང་གཅིག་གི་ནང་མི་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས”

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བཅངས་གནང་བའི་བརྩེ་བ་ཟབ་པའི་འཕྲེང་སེམས་ལ་གོ་བ་ལོན་དགོས་ན། འདས་དོན་ལ་ཕྱིར་དྲན་བྱས་ནས་འཚོལ་དགོས།

     1998ལོའི་ཟླ་6པར། སྐབས་དེ་དུས་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་བཞིན་པའི་ཞི་ཅིན་ཕིང་བོད་སྐྱོར་ལས་བྱེད་པ་བོད་དུ་རྟོག་ཞིབ་ལ་འགྲོ་སྐབས་བསུ་སྐྱེལ་ལ་ཕེབས་པ་དང་། དེ་ནི་ཁོང་བོད་དུ་ཕེབས་ཐེངས་དང་པོ་ཡིན་པ་རེད།

      2011ལོའི་ཟླ་7པར། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པའི་ངོས་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་གནང་བ།

     2021ལོའི་ཟླ་7པར། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཡིན་པའི་ངོས་ནས་བོད་དུ་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུ་བར་ཕེབས་པ་དེ་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ།

ད་ཐེངས་བོད་དུ་ཕེབས་ཐེངས་བཞི་པ་ཡིན།

      སྤྱི་ཁྱབ་ཧྲུའུ་ཅིས་དུས་དང་རྣམ་པ་ཀུན་ཏུ་བོད་ལ་ཐུགས་ཁུར་གནང་གི་ཡོད། ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གནང་རྗེས། 2013ལོར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཐེངས་དང་པོ་ཞུགས་སྐབས་ཁོང་བོད་ཀྱི་འཐུས་མི་ཚོགས་པ་ཡོད་སར་ཕེབས། ལོ་འདི་དག་རིང་ཁོང་གིས་བོད་ཀྱི་ལས་དོན་སྐོར་ལ་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་དང་འཆར་འགོད་བཀོད་སྒྲིག་ཐེངས་མང་གནང་མྱོང་ཡོད།

དེའི་ནང་ཐོག་མཐའ་བར་གསུམ་དུ་རྩ་བ་གཉིས་ཁྱབ་ཡོད་དེ།

     རྩ་བ་གཅིག་ནི་བོད་ཀྱི་འཛུགས་སྐྲུན་པ་དང་། འབད་འཐབ་པ། སྲུང་སྐྱོང་བ། ལེགས་སྐྱེས་འབུལ་མཁན་བཅས་ལ་དམིགས་པ་དེ་རེད།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདི་གར་ལས་ཀ་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན་པ་མཁྱེན་གྱི་ཡོད། ཀྲུང་དབྱང་དུ་ཕྱག་ལས་གནང་རྗེས་བོད་དུ་ཐེངས་གསུམ་ཕེབས་ནས་ཆེད་མངགས་དུས་ཚོད་བཀོད་སྒྲིག་གིས་བོད་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མིར་མཇལ་འཛོམས་དང་མཇལ་འཕྲད་གནང་ཡོད།

     ཚེས་20ཉིན་ལྷ་སར་ཕེབས་འབྱོར་ཟིན་རྗེས་ཀྱི་བྱེད་སྒོ་དང་པོ་ནི་མཇལ་འཕྲད་ཁག་ཐེངས་དྲུག་གནང་བ་དེ་རེད།

      བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་། བོད་སྐྱོར་ལས་བྱེད་པའི་འཐུས་མི། རང་སྐྱོང་ལྗོངས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་འགན་འཁུར་བློ་མཐུན་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་འཐུས་མི། ལྷ་སར་བཅའ་སྡོད་དཔུང་སྡེའི་ཧྲང་ཤའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། གཞི་རིམ་གྱི་སྔོན་ཐོན་དཔེ་བཟང་བ་དང་ཞི་བའི་ལས་འགན་འཁུར་མཁན་སོགས་ལ་མཇལ་འཕྲད་གནང་ཡོད། དབུ་སྐྲ་དུང་ལྟར་དཀར་བའི་བོད་རིགས་ཨ་མ་ལགས་ཤིག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་ལ་ཐོད་པ་གཏུགས་པ་དང་། དམག་ཆས་གྱོན་པའི་དམག་མི་ཞིག་མིག་ཆུ་དབང་མེད་དུ་ཤོར་བ། བློ་མཐུན་རྒན་གྲས་ཀྱི་འཐུས་མི་ཞིག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་ནས་དམ་པོར་བཟུང་སྟེ་སྙིང་གཏམ་ཞུ་རྩིས་བྱས།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་སྐྱོར་ལས་བྱེད་པའི་ཁྲོད་དུ་ཕེབས་ནས་ཚང་མར“འདི་གར་ཡོང་ནས་དུས་ཚོད་ག་ཚོད་ཕྱིན་སོང་ངམ”“ཞིང་ཆེན་གང་ནས་ཡོང་བ་ཡིན” “གོམས་ཀྱི་འདུག་གམ”ཞེས་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་། བོད་སྐྱོར་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་བྱ་གཞག་རླབས་པོ་ཆེ་ཞིག་རེད། འཛམ་གླིང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོས་མ་གཏོགས་དོན་ཆེན་འདི་འདྲ་ཡག་པོ་སྒྲུབ་ཐུབ་ཀྱི་མ་རེད།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁོང་ཚོའི་ཕུགས་ཀྱི་སེམས་ཁྲལ་སེལ་བར”ཐུགས་ཁུར་གནང་བ་ཕུད། ད་རེས་བོད་དུ་ཕེབས་དུས་བཀའ་མངགས་ཁྲོད་དམ་ནན་གྱི་བརྩེ་བ་ཟབ་མོ་ཞིག་འདུས་པ་སྟེ།

      “བོད་དུ་ལས་ཀ་བྱེད་པར་ཡོང་བ་ཙམ་གྱིས་ཧ་ལས་དགོས་པ་ཞིག་རེད། ད་དུང་ཆ་རྐྱེན་མང་པོ་འདི་འདྲ་བཏོན་ན་འགྲིག་གམ་ཞེས་སྔོན་མ་མི་ཁག་གཅིག་གིས་ནོར་འཁྲུལ་གྱི་ལྟ་བ་བཟུང་གི་ཡོད། འོན་ཀྱང་ཏང་སྒྲིག་རྒྱལ་ཁྲིམས་ཐད་ཧ་རེ་ཧུ་རེ་གཏན་ནས་བྱེད་མི་ཉན་པར། ད་དུང་དེ་ལས་ལྷག་པའི་རེ་བ་མཐོན་པོ་འདོན་དགོས། བོད་དུ་ལས་ཀ་བྱེད་པར་འཐབ་ཇུས་ཀྱི་དོན་སྙིང་ཆེན་པོ་ལྡན་པ་ཤེས་དགོས་པ་དང་། སྡུག་རུས་འཁྱོག་པོ་དང་ལས་ཀ་དེར་གོམས་པར་བྱེད་དགོས། འདི་གར་རང་འདོད་ལྟར་ཡོང་བས་འགྲིག་གི་མ་རེད་ལ། འདི་གར་སླེབས་རྗེས་རང་སྣང་གང་ཤར་བྱས་ནའང་འགྲིག་གི་མ་རེད། སྤྱོད་ཚུལ་འཛུགས་སྐྱོང་ལ་དུས་ད་ལྟ་བ་ལས་འདས་པ་ཟེར་བ་མེད་པས། ག་དུས་ཡིན་ཡང་ཉེན་བརྡ་རྒྱུན་སྒྲོག་དང་དུས་དང་རྣམ་པ་ཀུན་ཏུ་རྩ་བ་དེ་དམ་པོར་འཛིན་དགོས”

      རྩ་བ་གཞན་ཞིག་ནི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་དམིགས་པ་དེ་རེད།

      བྲག་ཕྱི་གྲོང་ཚོའི་ཡུལ་མི་སྤུན་ཟླ་ཚོས་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་ལས་སྤྱི་ཁྱབ་ཧྲུའུ་ཅི་མཇལ་སྐབས་ཧ་ཅང་སྙིང་ཉེ་བའི་ཚོར་བ་ཞིག་བྱུང་།

     དེ་སྔ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་རིགས་གྲོང་སྡེ་འདིར་མཚམས་འདྲི་གནང་བར་ཐེངས་གཉིས་ཕེབས་མྱོང་ཡོད་པ་དང་ཁོང་གི་བཀའ་མོལ་ལས་ཡུལ་མི་སྤུན་ཟླ་ཚོའི་སེམས་ལ་དྲོད་འཁོལ་འཁྱིལ་བ་སྟེ། “བོད་ཀྱི་ཐོན་ཁུངས་ཧ་ཅང་རྩ་ཆེན་རེད། ཁག་གཅིག་དམིགས་བསལ་ཆེན་པོ་ཡིན་ལ། རྗེས་ཐོན་གྱི་ཁྱད་ཡོན་ཡང་ཆེན་པོ་ལྡན་པ་སྟེ། གཞན་ལ་མེད་པ་ང་ལ་ཡོད་པ་དང་ང་ལ་ཡོད་པ་དེ་གཞན་ལས་ལྷག་པ་མ་ཟད། སླད་ཕྱིན་དེ་བས་ཀྱང་རྩ་ཆེ་རུ་འགྲོ་ངེས་རེད”ལོ་འདི་དག་ནང་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་དང་དེང་རབས་ཅན་གྱི་ཟོག་འགྲེམས་གླིང་སྔ་རྗེས་སུ་གྲོང་ཚོར་གཞི་ཚུགས་པས་གྲོང་ཚོའི་མཉམ་སྡེབ་ལ་ཐོན་ཁུངས་ཧ་ཅང་འཛོམས་པོ་ཡོད།

     རྟེན་འབྲེལ་ཚོགས་ཆེན་ལ་ཀ་ལ་གྲོང་ཚོའི་ཡུལ་མི་སྤུན་ཟླའང་བསླེབས་ཡོད། 2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོང་ཚོར་ཕེབས་མྱོང་ཡོད། མི་བརྒྱ་ལྷག་ཙམ་ལས་མེད་པའི་གྲོང་ཚོ་ཆུང་ཆུང་འདིར་2025ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་370ཟིན་པ་དང་། མི་རིང་བའི་གོང་ཀ་ལ་གྲོང་ཚོའི་ཡུལ་མིས་དགའ་ཚོར་ཆེན་པོས་གཏམ་བཟང་རྣམས་འཕྲིན་ཡིག་ནང་བྲིས་ནས་སྤྱི་ཁྱབ་ཧྲུའུ་ཅིར་བསྐུར་བ་དང་ཁོང་གི་འཕྲིན་ལན་མགྱོགས་པོ་འདི་འདྲ་འབྱོར་ཡོང་སྙམ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད།

      དབུལ་སྒྲོལ་ཐད་བོད་ཀྱི་ཕྲག་ཐོག་གི་འགན་འཁྲི་ཧ་ཅང་ལྕི་ཞིང་། རྒྱལ་ཡོངས་ལ་བལྟས་ན། དེ་སྔ་བོད་ནི་དབུལ་ཕོངས་མང་ཤོས་དང་། དབུལ་ཕོངས་ཚབས་ཆེ་ཤོས། དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་རེད།

བརྩེ་བ་ཟབ་ཤོས་ཀྱི་འཕྲེང་སེམས་དང་བློ་རྩ་བརྟན་ཤོས་ཀྱི་གདེང་ཚོད།

      2019ལོའི་ལོ་མཇུག་ཏུ་བོད་ཀྱི་རྫོང་དང་ཆུས་དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་པ་དང་མི་འབོར་དབུལ་པོ་ཁྲི་62ལྷག་ཙམ་ཚང་མ་དབུལ་སྒྲོལ་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་རེས་ཕེབས་དུས་ཐུགས་བློ་བདེ་ལ་ཐུགས་སེམས་སྤྲོ་པོ་བྱུང་ཞིང་། “གནམ་གྲུ་ནས་ལྟ་དུས་ལྷ་སའི་ལུང་གཞུང་གི་ཁང་པ་རྣམས་ཧ་ཅང་ཡག་པོ་འདུག ས་བབ་མཐོ་ས་ནས་དམའ་སར་སྤོས་པ་ནི་ལོ་ངོ་སྟོང་གི་མཆོང་སྐྱོད་ཅིག་རེད། དབུལ་སྒྲོལ་ནི་སྡེབ་གཅིག་ལ་ཡོངས་སུ་འགྲུབ་ཐུབ་པ་ཞིག་མིན་པར། བདེ་སྡོད་ལས་བརྩོན་ཐུབ་པ་དང་། ཕྱུག་འགྱུར་གྱི་ཐོན་ལས་ཡོད་པ་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་དགོས། དེ་དག་ཡོང་བ་བྱེད་པར་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱས་ནས་གྲུབ་འབྲས་གཏོད་དགོས”ཞེས་གསུངས།

      ཚེས་21ཉིན་གྱི་ཉིན་དགུང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནས་གོང་དཀར་གནམ་ཐང་བར་གྱི་ལམ་བར་དུ་ཕེབས་སྐྱེལ་ལ་བཅར་བའི་མི་ཚོགས་ཀྱིས་ལམ་བུའི་གཞོགས་གཉིས་རྦད་དེ་ཁེངས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་རླངས་འཁོར་གྱི་སྒེའུ་ཁུང་ནས་འཛུམ་དམུལ་དམུལ་ངང་མི་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་རེད།

      གནམ་ཐང་གི་གནམ་གྲུ་འཇོག་སར་རྔ་དང་རོལ་མོའི་སྒྲས་ཁེངས་ཤིང་། “བཀྲ་ཤིས་བདེ་ལེགས། ཕེབས་ལམ་བདེ་མོ”ཞེས་གཟབ་མཆོར་ལེགས་པར་སྤྲས་པའི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཕེབས་སྐྱེལ་ཞུ་བར་བསླེབས་ཡོད།

      གནམ་གྲུ་འཕུར་ཁར་ཁོང་ཚོའི་མིག་ཟུང་དང་གོམ་པའི་འདེགས་འཇོག་གནམ་གྲུ་འཕུར་སའི་ཕྱོགས་སུ་གཏད་དེ་ཡུན་རིང་དེ་ནས་ཁ་བྲལ་མི་འདོད་པར་ཀྲོང་རེར་ལངས་ནས་བསྡད།

      ཆུ་འཛིན་གསེབ་ནས་ཉི་འོད་ལྷམ་མེར་འཕྲོས། སྤྲིན་རུམ་བརྟོལ་ནས་གནམ་གྲུ་མཁའ་དབྱིངས་འཕུར། “སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་སེམས་ལ་བཅངས། བློ་དཀར་སེམས་པ་ནམ་ཡང་ཏང་ལ་ཕྱོགས”ཞེས་པ་འདི་ནི་གངས་ལྗོངས་བུ་ཕྲུག་ཁྲི་370ཡི་ཐུན་མོང་གི་སྙིང་གཏམ་རེད།(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་23ཉིན་འབྱོར་བའི་གློག་འཕྲིན)