འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་27ཉིན།

ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་དང་འབད་འབུངས་ཡར་བརྩོན་གྱི་སྒུལ་ཤུགས་བསྣམས་པ།

༄༅།།བསམ་བློ་གཏོང་ས་གཅིག་ལ་བཏང་བ་དང་ཤུགས་རྒྱག་ས་གཅིག་ལ་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་27ཉིན། 10:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་གྱི་གསར་འགོད་པས།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངཌ་ལྟར། ཉིན་ཤས་གོང་། ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་བཟང་པོ་བསྣམས་ནས་གངས་ལྗོངས་ས་མཐོར་ཕེབས་ཏེ། ཏང་གི་དྲོ་སྐྱིད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚོར་བར་བྱས་པར། ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་གནང་བའི་ཁ་ཕྱོགས་གཞིར་བཟུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་བརྩམས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད།

གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད།

     དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ། དེང་གི་བོད་དུ་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་མཚམས་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས། དར་རྒྱས་གོང་འཕེལ་དང་གསོན་ཤུགས་རབ་འཕེལ་གྱི་རྣམ་པ་མངོན་ཞིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བཞིན་ཡོད།

     ཞིང་བྲན་གྱི་རྗེས་རབས་པ་དང་བོད་གསར་པའི་བདེན་དཔང་ཡིན་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་གྲོང་ཚོའི་དུས་ཐེངས་བཞི་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྟེ། ལྕང་གྲོང་སྡེ་ཁུལ་གྱི་གྲོང་མི་ལྷག་པའི་ནང་མིར་གངས་ལྗོངས་ས་མཐོར་ལོ་དེ་དག་རིང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བའི་མྱོང་ཚོར་ཟབ་མོ་བྱུང་ཡོད། ཏང་གི་སྲིད་ཇུས་བཟང་པོའི་འོག འདི་ལོ་ལོ་81ལ་སླེབས་པའི་བགྲེས་སོང་ལྷག་པར་ལོ་ལྟར་རྒན་རྒོན་གྱི་ཁ་གསབ་དང་དམིགས་བསལ་རོགས་དངུལ་སོགས་འཚོ་བའི་ཁ་གསབ་ལེན་རྒྱུ་བྱུང་བ་མ་ཟད། ད་དུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཁྱིམ་ཚང་སྨན་པ་གཟའ་འཁོར་རེར་སྒོ་རྩར་གཟུགས་པོ་བརྟག་དཔྱད་བྱེད་པར་ཡོང་གི་ཡོད།

     “བོད་རྙིང་པར་ངའི་ཁྱིམ་ལ་རྩམ་པའང་ཁ་ཐང་པོ་ཡོད། ད་ལྟ་ལྟོ་གོས་ལ་སེམས་ཁྲལ་མི་འདུག འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་ཏང་གི་བཀའ་དྲིན་རེད”ཅེས་དང“གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའང་མེད། ཏང་གི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ཕུན་སུམ་ཚོགས་སུ་འགྲོ་ངེས་ཡིན”ཞེས་ལྷག་པའི་བུ་མོ་ཟླ་བས་བརྗོད།

     འདི་ལོའི་ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་ཁང་པ་འབོར་ཆེན་བརྡིབས་ཡོད། ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་། ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་དགོས་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་དགོས་པ། རྗེས་འཇུག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་མཛུབ་སྟོན་གནང་ཡོད།

     ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། མཉམ་དུ་མཛེས་པའི་ཁྱིམ་གཞིས་གསར་པ་བསྐྲུན། དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོར་ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནོད་འཚེ་ཕོག་པའི་ངག་དབང་གི་ཁྱིམ་དུ་འཚམས་འདྲི་གནང་བ་རེད། གེགས་རྗེས་བསྐྱར་སྐྲུན་གྱི་ཁང་པ་གསར་པའི་སྒེའུ་ཁུང་དྭངས་ཤིང་གཙང་བ་དང་ཚོམས་ཆེན་ནང་བོད་བཟོའི་ཁྱིམ་ཆས་ཆ་ཚང་བསྒྲིགས་ཡོད་ལ་ཆུ་དང་། གློག དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱང་གང་དགོས་ཚང་མ་འཛོམས་ཡོད།

      “སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་གེགས་ཁུལ་གྱི་མང་ཚོགས་ཁང་པ་གསར་པའི་ནང་མགྱོགས་པོ་སྤོ་རྒྱུ་བྱུང་སོང་། ཁང་པ་གསར་པའི་སྤུས་ཚད་ཡག་པོ་འདུག་ལ་བཀོད་སྒྲིག་བྱེད་སྟངས་ཀྱང་ལུགས་དང་མཐུན་པ་ཞིག་འདུག ང་རང་གི་བློ་ལ་རྦད་དེ་བབས་སོང”ཞེས་ངག་དབང་གིས་དགའ་སྤྲོའི་ངང་བརྗོད།

     བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན།

      ནག་ཆུར་ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི“ལྟེ་གནས་ཆེན་པོ་ལྔ”བསྐྲུན་པ་དང་ཆབས་ཅིག རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཡོངས་སུ་ཁྱབ་ཅིང་། ནག་ཆུའི་མི་དམངས་ལ་ན་དུས་སྨན་བཅོས་ཐུབ་པ་དང་ན་དུས་སྨན་པ་ཡག་པོ་ཡོད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

     “ལོ་དེ་དག་རིང་ང་ཚོའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དེ། ཀྲུང་དབྱང་གིས་སྲིད་ཇུས་བཏོན་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད”ཅེས་དང“ང་ཚོས་སྨན་བཅོས་ནུས་པ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་མང་ཚོགས་ལ་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་གི་ཡིན”ཞེས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ལིའུ་ཡུས་ཧྥུང་གིས་བརྗོད།

བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ།

      བོད་འཕེལ་རྒྱས་གཏོང་བར་རང་ངོས་ཀྱི་ཁྱད་ཆོས་ལྡན་པས། དོན་དངོས་ལ་གཞིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལོ་ཤས་རིང་བོད་ཀྱི་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ས་མཐོའི་ཡང་བའི་བཟོ་ལས་སོགས་དེང་རབས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་རེ་བཞིན་སྲ་བརྟན་དུ་ཕྱིན་པ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཐོན་པ་དང་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ཡོད།

     ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དུ་རྒུན་འབྲུམ་རྒྱ་ཆེན་པོ་བཏབ་པ་དེ་ཡར་ཀླུང་གཙང་པོའི་འགྲམ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།

     “ང་ཚོས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་བཏོད་པ་ཡིན། བོད་སྐྱོར་ཚན་ཞིབ་མི་སྣའི་རོགས་རམ་དང་སྲིད་གཞུང་དང་འབྲེལ་ཡོད་ཁེ་ལས་ཀྱི་འབད་བརྩོན་འོག རྒུན་འབྲུམ་རྟེན་གཞིས་ཉེ་འཁོར་གྱི་གྲོང་ཚོ་10ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་པ་ལས་མང་ཚོགས་ཉེ་འགྲམ་དུ་ལས་ཞུགས་ཐུབ་ཡོད” “ཚང་མས་སེམས་ཤུགས་གཅིག་སྒྲིལ་བྱས་ནས་གངས་ལྗོངས་ས་མཐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕུགས་འདུན་དོན་གཉེར་བྱེད་བཞིན་ཡོད”ཅེས་ཟངས་རི་རྒུན་འབྲུམ་རྟེན་གཞིའི་འགན་འཁུར་བ་ཆུས་ཐེན་ཝུན་གྱིས་བརྗོད།

     ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོའི་སྦྲེལ་མཚམས་སུ་ཆགས་པའི་ཆུ་མོ་དྭངས་ཤིང་སྤང་ལྗོངས་མཛེས་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

      “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ང་ཚོ་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་དང་ཁྱད་མེད” “ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་དུ་ཡོང་མཁན་དེ་བས་མང་དུ་ཕྱིན་འདུག ཡུལ་མི་མང་པོར་སྐྱེ་ཁམས་དང་ཡུལ་སྐོར་གྱི་ཡུལ་འབབ་མང་པོ་རག་སོང་ལ། ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་དེ་བས་ཟབ་ཏུ་ཕྱིན་འདུག རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པས། ང་ཚོས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་ནས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་སྐྱེལ་གྱི་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་སྡེང་གྲོང་ཚོའི་ཉི་མ་ཕུན་ཚོགས་ཀྱིས་བརྗོད།

      སྤྱི་ལེ་བརྒྱ་ཕྲག་ཁ་ཤས་སར་ཡོད་པའི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་རི་བོ་འགྱིངས་ངེར་གནས་ཤིང་། ཧྭ་གློག་འཕྱོངས་རྒྱས་རླུང་གློག་རྣམ་གྲངས་དུས་ཚོད་དམ་འཛིན་གྱིས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། འབྱུང་འགྱུར་རླུང་ནུས་ལྗང་མདོག་ནུས་རྒྱུར་བསྒྱུར་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་བསྐྲུན་རྒྱུ་རེད།

     རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་འཕྱོངས་རྒྱས་རླུང་གློག་རྣམ་གྲངས་ཀྱི་ཚན་རྩལ་གསར་གཏོད་པ་དབྱང་ལི་ཡུང་གིས“ང་ཚོ་དུས་རབས་གསར་པའི་ངལ་རྩོལ་པ་ཚོས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་སུ་གཞི་ཚུཌ་ཏེ། “གྲངས་རིག་གློག་ཁང”གི་རྣམ་པ་གསར་པ་དང་ལག་རྩལ་གསར་པ་འཚོལ་ཞིབ་ཀྱིས་ས་མཐོའི་ནུས་རྒྱུ་གཙང་མའི་ཚད་ཤིང་ལས་གྲྭ་ཧུར་ཐག་བཏོད་ནས། ནུས་ཁུངས་དང་གློག་ཤུགས་བདེ་འཇགས་ཡོང་བ་དང་མཁོ་སྤྲོད་བརྟན་པོ་ཐུབ་པའི་འགན་ལེན་གང་ཐུབ་བྱ་རྒྱུ་ཡིན”ཞེས་བརྗོད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་མཚར་ཆེ་བའི་གངས་ལྗོངས་ཀྱི་ལེའུ་མཉམ་དུ་རྩོམ་པ།

     འདས་ཟིན་པར་ཕྱིར་མིག་བལྟས་ན། བོད་ཀྱིས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ནས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་གངས་ལྗོངས་ཀྱི་ལེའུ་མཉམ་དུ་རྩོམ་བཞིན་ཡོད།

     “2019ལོར་རྫོང་གི་དབུལ་ཞྭ་ཕུད་པ་དང་། དཀྱིལ་ཐང་སྡེ་ཁུལ་གྱི་ཡུལ་མི་ཨར་འདམ་གྱི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ། ཆུ་ཚན་དང་། ཡུལ་སྐོར། ལུས་གསོ་སོགས་ཇི་ཙམ་གཉེར་བ་དེ་ཙམ་གྱིས་དར་རྒྱས་གོང་འཕེལ་བྱུང་སོང” “འཚོ་བ་སྐྱིད་པོ་ནི་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད། ང་ཚོས་ཏང་ཀྲུང་དབྱང་གི་མངགས་བཅོལ་ཆུད་ཟོས་སུ་མ་བཏང་བར་བསམ་བློ་གཏོང་ས་གཅིག་ལ་བཏང་བ་དང་ཤུགས་རྒྱག་ས་གཅིག་ལ་བརྒྱབ་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་ཀྱི་ཡིན”ཞེས་ལོ་ཤས་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཕྱིར་དྲན་བྱེད་ཀྱིན་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་དཀྱིལ་ཐང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཐུབ་བསྟན་ཉི་མས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད།

      “གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་གོ་རྟོགས་དེ་བས་མཐོ” བོད་ལྗོངས་མངའ་རིས་ཧྲའན་ཤིས་ཚོད་ལྟའི་སློབ་གྲྭའི་རྒྱུན་ལས་སློབ་སྤྱི་གཞོན་པ་ཀྲུའུ་ནཱ་ད་ལོ་བོད་སྐྱོར་དུས་ཡུན་ཐིམ་མོད། འོན་ཀྱང་ད་དུང་ལས་ཀ་མང་པོ་ཞིག་ཚར་མེད་པས་ཁོ་མོས་མུ་མཐུད་ལོ་གསུམ་སྡོད་རྒྱུའི་སེམས་ཐག་བཅད། ཁོ་མོས“བོད་སྐྱོར་ནི་གཟི་བརྗིད་ལྡན་པའི་བྱ་གཞག་ཅིག་ཡིན་པས། ངས་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བར་བོད་སྐྱོར་གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། སེམས་ནུས་ཡོད་རྒུས་མེས་རྒྱལ་གྱི་མ་འོངས་པའི་བདག་པོ་གསོ་སྐྱོང་ཡག་པོ་བྱས་ནས་ཕྲུ་གུ་དེ་བས་མང་བའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།(《མི་དམངས་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས་པ)