གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་27ཉིན། 14:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ནི་ལྟད་མོ་བས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད》ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་བཞིན་པ།
ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་བཏོན་པའི་འགག་རྩའི་ནུས་པ་འཛམ་གླིང་ལ་གསལ་བཤད་བྱེད་པར་ཀྲུང་གོ་སྲིད་གཞུང་གིས་སྔར་བས་མཐོང་ཆེན་བྱེད་བཞིན་ཡོད། འདི་འདྲའི་རྒྱབ་ལྗོངས་འོག ཀྲུང་དབྱང་ཡིག་ཚགས་ཁང་གིས་ཡིག་ཚགས་ཁང་དུ་ཉར་བའི་རི་འགོག་དམག་འཁྲུག་གི་ཆེད་དོན་ཡིག་ཚགས་ཁྲི་4ལྷག་ཚུད་པའི་དཔྱད་གཞི་ཁག་གཅིག་སྤྱི་ཚོགས་ལ་གཅིག་སྡུད་ཐོག་བསྟན་ཡོད་པ་རེད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་སྐབས་འདིར། རི་འགོག་དམག་འཁྲུག་ཁྲོད་ཤི་རྨས་བྱུང་བའི་སྤུན་ཟླ་ཁྲི་3500དང་། བཙན་བཟུང་བྱས་པའི་གྲོང་ཁྱེར་930ལྷག ཁྱིམ་གཞིས་མེད་པར་གྱུར་པའི་ཡུལ་གྱར་བ་ཁྲི་4200བཅས་ནི་སྔར་བཞིན་ཀྲུང་གོ་མི་དམངས་ཀྱི་དྲན་སེམས་ནང་བསུབ་ཐབས་བྲལ་བའི་རྨ་ཁ་ཞིག་རེད།
ཚུར་སྣང་ལན་ཆ་རྒྱ་ཁྱབ་བྱུང་བའི་དཔྱད་གཏམ་ཁྲོད། དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ལོ་རྒྱུས་རིག་པ་མཁས་ཅན་ལཱ་ནཱ·སྨི་ཐེ་ཡིས་དབྱེ་ཞིབ་བྱེད་ལུགས་མངོན་གསལ་ཧ་ཅང་དོད། ཁོང་གིས། ཀྲུང་གོས་རི་པིན་གྱི་དམག་དཔུང་ལ་འགོག་རྒོལ་བྱས་པ་ལས་མནའ་མཐུན་དམག་དཔུང་ལ་རྒྱལ་ཁ་ཐོབ་པར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་རང་ཉིད་ཀྱི་བརྩམས་ཆོས《བརྗེད་ཟིན་པའི་མནའ་མཐུན་རྒྱལ་ཁབ་སྟེ། ཀྲུང་གོའི་འཛམ་གླིང་དམག་ཆེན་གཉིས་པ》ཞེས་པའི་ནང“ཀྲུང་གོ་ནི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་ཡིན། གལ་སྲིད་སྐབས་དེར་ཀྲུང་གོས་རི་པིན་ལ་མགོ་བཏགས་པའམ་ཡང་ན་འོས་མེད་འགྲིག་ཐབས་ཀྱི་གྲོས་མཐུན་གང་རུང་ཞིག་བཞག་ཚེ། འཛམ་གླིང་དམག་ཆེན་གཉིས་པའི་འཕེལ་རིམ་རྦད་དེ་འགྱུར་ངེས་རེད”ཅེས་བསྟན་ཡོད།
མིག་སྔར། ཀྲུང་གོས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བ་གོ་སྐབས་སུ་བྱས་ནས། ཡིད་དབང་འགུག་ཤུགས་ཆེ་བའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་དང་། མཉམ་འགུལ་འགྲེམས་སྟོན། གཞོན་ནུའི་ཚོགས་སྤྱིར་ཁ་ཕྱོགས་པའི་དྲན་གསོའི་བྱེད་སྒོ་སོགས་ཀྱི་རྣམ་པ་བརྒྱུད་ལོ་རྒྱུས་ཀྱི་དྲན་གསོ་སྲུང་སྐྱོང་བྱེད་བཞིན་ཡོད།