གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་27ཉིན། 14:26】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
རྒྱལ་ཡོངས་བཟོ་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ཤིན་སྐྱོར་ལས་དོན་ཚོགས་འདུ་དེ་ཟླ་8ཚེས་26ཉིན་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཚོགས་འདུའི་ཐོག་བོད་དང་ཤིན་ཅང་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་བཟོ་ཚོགས་ཁོངས་གཏོགས་ཀྱིས་རེས་སྐོར་གསུམ་པའི་བོད་སྐྱོར་ཤིན་སྐྱོར་ལས་དོན་གྱི་ཕན་འབྲས་ཕྱོགས་བསྡོམས་བྱས་པ་དང་རེས་སྐོར་བཞི་པའི་རོགས་སྐྱོར་ལས་འགན་བཀོད་སྒྲིག་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མིང་གིས་བཟོ་ཚོགས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ཤིན་སྐྱོར་ལས་དོན་ལ་ཕན་འབྲས་ཐོབ་པ་ཁས་ལེན་གང་ལེགས་བྱས་པ་དང་ལས་དོན་སྔར་བས་ཡག་པོར་བསྒྲུབ་རྒྱུའི་བླང་བྱ་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་སྟོབས་ཤུགས་ཆེན་པོ་དང་བྱ་ཐབས་ཏན་ཏིག་གི་ཐོག་ནས་རེས་སྐོར་གསར་པའི་བོད་སྐྱོར་ཤིན་སྐྱོར་ལས་དོན་ལ་ཕན་འབྲས་དེ་བས་ཆེ་བ་ཐོབ་པར་བྱ་རྒྱུ་དང་། བོད་དང་ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་གི་སྤུས་ཚད་འཕེལ་རྒྱས་ཆེན་པོ་དང་ཡུན་རིང་བདེ་བར་འགོད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ། རྒྱལ་ཡོངས་བཟོ་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ཤིན་སྐྱོར་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་ཞུས་ལིའུ་ཕིང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་རེས་སྐོར་གསུམ་པའི་བཟོ་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ཤིན་སྐྱོར་ལས་དོན་ལ་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རིམ་ཁས་ལེན་གང་ལེགས་བྱས་པ་དང་། ཞིང་ཆེན་(གྲོང་ཁྱེར་)21གི་སྤྱི་ཁྱབ་བཟོ་ཚོགས་དང་། ཀྲུང་དབྱང་ཁེ་ལས་15ཡི་བཟོ་ཚོགས། རྒྱལ་ཡོངས་ཐོན་ལས་བཟོ་ཚོགས་བཅས་ཀྱིས་དེའི་ཐད་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་གདེང་འཇོག་ཆེན་པོ་གནང་བ་དང་། བོད་ཀྱི་ལས་དོན་དང་ཤིན་ཅང་གི་ལས་དོན་དེ་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་ཇུས་གཞི་རླབས་པོ་ཆེ་དང་འབྲེལ་བ་ཡོད་པས། བཟོ་ཚོགས་རིམ་ཁག་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དང་ཤིན་སྐྱོང་ཇུས་གཞི་ཆ་ཚང་དང་། གནད་ལ་འཁེལ་བ། འཐུས་སྒོ་ཚང་བ་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་གཙོ་བོར་དམིགས་ནས་བཟོ་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ཤིན་སྐྱོར་ལས་དོན་གྱིས་བོད་དང་ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་ལས་བཟོའི་དབར་གྱི་སྤེལ་རེས་མཉམ་འདྲེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བཏོན་ཡོད།
ཉེ་ཆར། སྤྱི་ཁྱབ་བཟོ་ཚོགས་ཀྱིས་རེས་སྐོར་བཞི་པའི་བཟོ་ཚོགས་ཁ་གཏད་བོད་སྐྱོར་དང་ཤིན་སྐྱོར་ལས་དོན་ཡག་པོར་སྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་བཟོས་ནས་བཀྲམས་པ་རེད། ཚོགས་འདུའི་ཐོག་རོགས་སྐྱོར་བྱ་ཡུལ་དང་རོགས་སྐྱོར་བྱེད་མཁན་ཕྱོགས་གཉིས་ཀྱི་བཟོ་ཚོགས་ཀྱིས་རེས་སྐོར་གསར་པའི་རོགས་སྐྱོར་ལས་དོན་དང་“559”ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་ཟུང་འབྲེལ་བྱས་ནས་གཙོ་གནད་མངོན་གསལ་དོད་པོ་དང་། མཉམ་འགུལ་དང་མཐུན་སྦྱོར་བྱས་ནས་ཕན་འབྲས་གསར་པ་སྔར་ལས་ཆེ་བ་ཐོན་གང་ཐུབ་བྱེད་དགོས། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་མི་རིགས་ཁག་གི་ལས་མིར་སློབ་སྦྱོང་གསོ་སྦྱོང་དང་། རིག་གནས་སྒྱུ་རྩལ་བྱེད་སྒོ། ཕན་ཚུན་འཚམས་འདྲི་དང་མཛའ་གྲོགས་ཀྱི་འབྲེལ་བ་བཅས་ཀྱི་ཐོག་ནས་འགྲོ་འོང་དང་སྤེལ་རེས་ཟབ་ཏུ་གཏོང་དགོས། རྩལ་ནུས་རོགས་སྐྱོར་དང་ཤེས་ལྡན་པར་རོགས་སྐྱོར་བྱ་རྒྱུ་དེ་ཁྱད་ལྡན་ལེགས་ཆར་བརྩིས་ནས་ལས་མི་སྒྲིགས་འཛུགས་བྱས་ཏེ་ངང་ངལ་རྩོལ་དང་རྩལ་ནུས་གྱི་འགྲན་བསྡུར་དང་། མང་ཚོགས་རང་བཞིན་གྱི་གསར་གཏོད་གསར་སྐྲུན་གྱི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་རོགས་སྐྱོར་བྱ་ཡུལ་གྱི་ལས་མིར་ལས་ཀའི་ཆ་རྐྱེན་ཡག་ཏུ་གཏོང་བ་དང་། འཚོ་བའི་དཀའ་ངལ་སེལ་བ། འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་རོགས་བྱེད་དགོས། བཟོ་ཚོགས་སྟོབས་ཆེར་གཏོང་བ་དང་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་རྨང་གཞིའི་ལས་དོན་ལ་བརྩིས་ནས་ལས་བཟོའི་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ལམ་སྲོལ་འཐུས་ཚང་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དེ་འགན་ལེན་གཙོ་བོར་བརྩིས་ནས་རོགས་སྐྱོར་རྣམ་གྲངས་ཀྱི་ཕན་འབྲས་དེ་བས་ཆེ་བ་ཐོན་པ་དང་ལས་བཟོ་དེ་བས་མང་པོར་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་བཟོ་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ཤིན་སྐྱོར་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲུའུ་ཅན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཏི་ལི་ཤ་ཐི་·ཁོ་ཏེར་ཧན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་དང་། བོད་ལྗོངས་དང་། མཚོ་སྔོན། ཐེན་ཅིན། ཀྲེ་ཅང་། ཧྥུའུ་ཅན་སོགས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)གྱི་སྤྱི་ཁྱབ་བཟོ་ཚོགས་དང་དེ་བཞིན་ལྷོ་ཕྱོགས་གློག་དྲའི་བཟོ་ཚོགས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་སྤེལ་རེས་དང་གཏམ་བཤད་གནང་བ་རེད།
རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་བཟོ་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ཤིན་སྐྱོར་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲུའུ་ཅན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ཤིན་སྐྱོར་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་། ཆེད་དོན་ཚོགས་ཆུང་ཁག་གི་ཁོངས་མིའི་ཚན་པ། རོགས་སྐྱོར་བྱ་ཡུལ་དང་རོགས་སྐྱོར་བྱེད་མཁན་བཟོ་ཚོགས་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།