གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་27ཉིན། 14:32】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཀྲུང་གོ་ས་ཡོམ་བརྟག་དཔྱད་ཁང་གིས་དངོས་སུ་ཚད་ལེན་བྱས་པ་བརྒྱུད། ཟླ་8ཚེས་26ཉིན་གྱི་ཆུ་ཚོད་8དང་སྐར་མ་3ཐོག་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་དུ་ས་ཡོམ་རིམ་པ་4.7བརྒྱབ་པ་དང་། ས་ཡོམ་གྱི་ཟབ་ཚད་སྤྱི་ལེ་10ཟིན་པ་དང་ཡོམ་ལྟེ་ནི་བྱང་གི་འཕྲེད་ཐིག་ཏུའུ་33.97དང་ཤར་གྱི་གཞུང་ཐིག་87.77ཡིན་པ་རེད། མཚེའུ་གཉིས་རྫོང་གིས་གཏན་འཁེལ་བྱས་པ་ལྟར་ན། ས་ཡོམ་བྱུང་ས་ནི་མི་མེད་ལུང་སྟོང་ཁུལ་དུ་ཡིན་པ་དང་། ཚེས་26ཉིན་གྱི་ཉིན་གུང་བར་མི་ཤི་རྨས་དང་རྒྱུ་ནོར་གྱོང་གུན་གྱི་སྙན་ཞུ་བྱུང་མེད་པ་རེད།
མཚེའུ་གཉིས་རྫོང་ནི་བོད་བྱང་ཐང་ས་མཐོའི་ནུབ་བྱང་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པ་དང་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡོམ་ལྟེའི་སྤྱི་ལེ་5ཡི་ཁྱབ་ཁོངས་ནང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5166ཙམ་ཟིན་པ་དང་། ཉེ་འཁོར་གྱི་སྤྱི་ལེ་50ཡི་ནང་གྲོང་རྡལ་དང་གྲོང་ཚོ་མེད་པ་དང་། སྤྱི་ལེ་100ཡི་ནང་མཚོ་སྦྲེལ་བྱང་མ་ཤང་དང་དཀར་མཚོ་ཤང་ཡོད་པ་རེད། ཡོམ་ལྟེ་དེ་མཚེའུ་གཉིས་རྫོང་དབར་བར་ཐག་སྤྱི་ལེ་132ཡོད་པ་དང་། ནག་ཆུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་488ཡོད་པ། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་576ཡོད་པ་བཅས་རེད།
ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་མྱུར་བརྡའི་དཀར་ཆག་ལྟར་ན། ས་ཡོམ་གྱི་ལྟེ་བའི་མཐའ་འཁོར་གྱི་སྤྱི་ལེ་200ནང་ཉེ་བའི་ལོ་ལྔའི་ནང་རིམ་པ་གསུམ་ཡན་གྱི་ས་ཡོམ་ཐེངས་86བརྒྱབ་པའི་ནང་། ས་ཡོམ་ཆེ་ཤོས་ནི་2024ལོའི་ཟླ་6ཚེས་1ཉིན་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ་བརྒྱབ་པའི་ས་ཡོམ་རིམ་པ་5.9དེ་རེད།(ཐེངས་དེའི་ས་ཡོམ་གྱི་ལྟེ་བ་དང་བར་ཐག་སྤྱི་ལེ་131ཡོད)