འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་27ཉིན།

༄༅།།ལིའུ་ཞིང་ཐའེ་ལ་སྲོག་ཆད་འགྱངས་གཅོད་བྱས་འདུག

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་27ཉིན། 14:33】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     དེ་རིང་(ཟླ་8ཚེས་26ཉིན་)ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཐོག ཧའེ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ལིའུ་ཞིང་ཐའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཡོངས་བསྒྲགས་ཁྲིམས་ཐག་བཅད་པ་དང་། ཞུ་སྦྱོར་ཕྱི་མ་བ་ལིའུ་ཞིང་ཐའེ་ཡིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པས་སྲོག་ཁྲིམས་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་ཀྱིས་ལག་བསྟར་བྱ་རྒྱུ། ཚེ་གང་རིང་གི་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ་དང་མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ། ལྐོག་རྔན་བླངས་པའི་ཡོང་འབབ་དང་དེའི་སྐྱེད་འཕེལ་ཁྲིམས་ལྟར་འདེད་ལེན་བྱ་རྒྱུ་དང་འབྲེལ་རྒྱལ་མཛོད་ལ་འབུལ་རྒྱུ་བྱས་འདུག

     འདྲི་གཅོད་བྱས་པ་བརྒྱུད། 2003ལོ་ནས་2024ལོ་བར། ཞུ་སྦྱོར་ཕྱི་མ་བ་ལིའུ་ཞིང་ཐའེ་ཡིས་ཧྲན་ཏུང་ཞིང་ཆེན་ཝུའུ་ཏི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན། ཝུའུ་ཏི་རྫོང་ཨུའི་ཧྲུའུ་ཅི། ཧྲན་ཏུང་ཞིང་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ། ཧྲན་ཏུང་ཞིང་ཆེན་སྒྲིག་ཁོངས་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན། ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། རི་ཀྲའོ་གྲོང་ཨུའི་ཧྲུའུ་ཅི། ཧའེ་ནན་ཞིང་ཆེན་གྱི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཧའེ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ། ཧའེ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རེན་གཞོན་པ་སོགས་ཀྱི་གོ་གནས་ཐོག་གི་སྟབས་བདེ་དང་དེ་བཞིན་འགན་དབང་ངམ་གོ་གནས་ཐོག་གི་སྟབས་བདེ་བེད་སྤྱད་ནས་འབྲེལ་ཡོད་ཚན་པ་དང་མི་སྒེར་གྱི་ཁེ་ལས་གཉེར་སྐྱོང་དང་། ལས་སྒོ་སྒྲུབ་འགན་སྤྲོད་པ། མ་དངུལ་གཏོང་སྤྲོད་སོགས་ཀྱི་ཐད་རོགས་རམ་བྱས་པ་དང་། ཐད་ཀར་རམ་གཞན་བརྒྱུད་ཀྱིས་ཁྲིམས་འགན་ངང་རྒྱུ་དངོས་བླངས་ནས་མི་དམངས་ཤོག་སྒོར་དུང་ཕྱུར་3.16ལྷག་ཙམ་ཟིན་ཡོད།

     ཀུའེ་ལིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་ལིའུ་ཞིང་ཐའེ་ཡི་བྱ་སྤྱོད་ལྐོག་རྔན་བླངས་པའི་བྱས་ཉེས་གྲུབ་པ་དང་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པའི་ངོས་འཛིན་བྱས་པ་དང་། ལིའུ་ཞིང་ཐའེ་ཡིས་ལྐོག་རྔན་བླངས་པའི་དངུལ་འབོར་ཧ་ཅང་མང་པོ་ཡོད་པ་དང་འབྲེལ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད། ལིའུ་ཞིང་ཐའེ་ཡིས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པའི་ཁྲོད་ཉེས་དམིགས་མ་གྲུབ་པའི་གནས་ཚུལ་ཡོད་པ་དང་། གྱོད་གཞིའི་ནང་ཚུད་རྗེས་རང་ཉིད་ཀྱི་ཉེས་པ་ཇི་བཞིན་ངོས་ལེན་ཞུས་པ་དང་ལྟ་ཞིབ་ལས་ཁུངས་ཀྱིས་མ་ཤེས་པའི་ཉེས་གསོག་དོན་དངོས་མང་ཆེ་བ་རང་འགུལ་ངང་ངོས་ལེན་ཞུས་པ། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ། ཧུར་ཐག་གིས་བརྐུས་རྫས་ཕྱིར་སྤྲད་པ། གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱུ་དངུལ་དང་དེ་བཞིན་སྐྱེད་འཕེལ་བྱུང་བའི་རིགས་ཚང་མ་བདའ་འདེད་ཐུབ་ཡོད་པ། མི་གཞན་གྱི་ཉེས་གསོག་དོན་དངོས་ཐེར་འདོན་བྱས་པ་དང་དེ་དག་རྩད་ཆོད་མཐའ་གསལ་བྱུང་བ་བཅས་ལས་བྱས་རྗེས་ཆེན་པོ་བཞག་པའི་རྣམ་པ་ཡོད་པས། ཁྲིམས་བཀོད་དང་གཏན་འབེབས་ལྟར་ཉེས་ཆད་ཡང་གཅོད་ཀྱི་གནས་ཚུལ་ཡོད་པས་ཁྲིམས་ལྟར་ཉེས་ཆད་ཡང་མོ་བཅད་ཆོག་པ་བཅས་ཤེས་རྟོགས་བྱུང་བར་བརྟེན། ཁྲིམས་རས་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཀུའེ་ལིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་2025ལོའི་ཟླ་5ཚེས་29ཉིན་གྱོད་གཞི་དེ་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་དང་། ཁྲིམས་རར་ཞིབ་གཅོད་བྱེད་སྐབས་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་། ཞུ་སྦྱོར་ཕྱི་མ་བ་ལིའུ་ཞིང་ཐའེ་དང་དེའི་དག་འབུད་པ་དང་ངོ་ཐུག་ར་སྤྲོད་བྱས་པ་དང་། ཞུ་གཏུག་དང་དག་འབུད་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཤད་པ་དང་ལིའུ་ཞིང་ཐའེ་ཡིས་མཐའ་མའི་ཞུ་འབུལ་བྱས་པ་དང་འབྲེལ་ཁྲིམས་རའི་ཐོག་ནག་ཉེས་ངོས་ལེན་ཞུས་པ་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། གསར་འགོད་པ། ལས་རིགས་ཁག་གི་མང་ཚོགས་བཅས་མི་40ལྷག་ཙམ་གྱིས་ཞིབ་གཅོད་ལ་ཟུར་ཉན་བྱས་པ་རེད།