འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་28ཉིན།

༄༅།།མཚོ་སྔོན་མགོ་ལོག་གིས་བོད་ལུགས་གསོ་རིག་དང་སྨན་རྫས་སྤུས་ཚད་མཐོ་བའི་
འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་28ཉིན། 14:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། མགོ་ལོག་ཀྲོའུ་ཡིས་ས་ཁོངས་ཀྱི་ཁྱད་ལྡན་ལེགས་ཆར་གཞི་ཚུགས་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་དེ་འཇུག་གཞིར་བྱས་ཏེ། བོད་ལུགས་གསོ་རིག་དང་སྨན་རྫས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། ད་ལོའི་ལོ་སྟོད་བར། མགོ་ལོག་ཀྲོའུ་ཡི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནང་བོད་ལུགས་གསོ་རིག་གིས་སྨན་བཅོས་བྱེད་ཚད་ཀྱིས་35.34%བཟུང་སྟེ། མང་ཚོགས་ཀྱིས་ཐག་ཉེ་ས་ནས་ཁྱད་ལྡན་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་པར་སྟབས་བདེ་བསྐྲུན་ཡོད།

      མགོ་ལོག་ཀྲོའུ་ཡིས་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་འཕྲོད་སྦྱོར་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཆེད་ལས་ཚན་ཁག་དང་སྨན་པ་གྲགས་ཅན་རྒྱུན་འཛིན་ཁང་བསྐྲུན་པར་སྐུལ་འདེད་བཏང་ཞིང་། ལྟེ་གནས་བོད་སྨན་ཁང་3དང་བོད་སྨན་སྡེ་ཁག་10ཡི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། མང་ཚོགས་ཀྱི་སྨན་བཅོས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག མགོ་ལོག་ཀྲོའུ་ཡི་སྨན་རྩིས་ཁང་གི་ས་གནས་དང་གྲོང་ཁྱེར་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་དང་དར་ལག་རྫོང་སྨན་རྩིས་ཁང་གི་རྫོང་རིམ་པའི“ཆེད་ལས་ཚན་ཁག་གཉིས་དང་ལྟེ་གནས་གཅིག”གི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་། རྣམ་གྲངས་སོ་སོར་མ་དངུལ་སྒོར་ཁྲི་200བཏང་བ་རེད། མིག་སྔར། མགོ་ལོག་ཀྲོའུ་ཡི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་45ཚང་མར་བོད་སྨན་གྱི་ཧོར་མེའི་གསོ་ཐབས་དང་བྱུག་པ་རྒྱག་པ་སོགས་ཁྱད་ཆོས་ལྡན་པའི་ནད་སྐྱོང་ལག་རྩལ་རིགས་10ཡན་སྤྱོད་ཐུབ་ཅིང་། རིམ་རྩིས་བརྒྱབ་ན་ནད་པ་མི་ཐེངས་3200ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་། “དཔེ་སྟོན་བོད་སྨན་ཁང”ཁྱབ་ཚད་50%ཡན་ཟིན་ཡོད་པ་རེད།

     གཞན་ཡང་། མགོ་ལོག་ཀྲོའུ་ཡིས་བོད་ལུགས་གསོ་རིག་དང་སྨན་རྫས་དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་བརྒྱབ་ནས“མཉེན་གཤིས་ཤེས་ལྡན་པ་ནང་འདྲེན”གྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ཞིང་ཆེན་ཕྱི་ནང་གི་གྲགས་ཅན་བོད་སྨན་རིགས་གཅིག་མཁས་ཅན་དང་དེ་བཞིན་རིག་ཚན་སྣེ་ཁྲིད་པ་དང་ཡུན་རིང་གི་མཉམ་ལས་འབྲེལ་བ་བཙུགས་ནས་དགེ་རྒན་ཆེ་མོ་བ་5གདན་དྲངས་ཏེ། སློབ་ཁྲིད་ནད་སྐོར་རྒྱག་པ་དང་། རིག་གཞུང་འཆད་ཁྲིད། དེ་བཞིན་རྩད་ཆོད་དཀའ་བའི་ནད་དཔེར་ལྷན་འཛོམས་ནད་དཔྱད་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།