གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་28ཉིན། 14:04】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཝེ་ནེ་ཙུའེ་ལའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཝེ་ནེ་ཙུའེ་ལའི་རྒྱལ་སྲུང་པུའི་པུའུ་ཀྲང་ཕ་ཏེ་ལི་ནུའོ·ལོ་ཕེ་སིས་ས་གནས་དེ་གའི་དུས་ཚོད་ཚེས་26ཉིན་ཝེ་ནེ་ཙུའེ་ལ་དང་ཁོ་ལོམ་པི་ཡ་འབྲེལ་མཚམས་ཀྱི་ཐ་ཆི་ལ་དང་སུའུ་ལི་ཡ་མངའ་སྡེ་གཉིས་ལ་དམག་མི་ཁྲི་1.5བཀོད་སྒྲིག་བྱས་ནས་ས་ཁུལ་དེའི་དུག་འཚོང་ཚོགས་པར་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བརྗོད་པ་དང་། ལོ་ཕེ་སིས་ད་ཐེངས་ད་དུང་མྱུལ་ཞིབ་གནམ་གྲུ་དང་། མི་མེད་གནམ་གྲུ། མཚོ་དམག་སྐོར་གཡེང་རུ་ཁག་སོགས་བཀོད་སྒྲིག་བྱས་ནས་ཝེ་ནེ་ཙུའེ་ལའི་ནུབ་བྱང་རྒྱུད་ཀྱི་མ་ལ་ཁེ་པོ་མཚེའུ་དང་ཝེ་ནེ་ཙུའེ་ལའི་མཚོ་ཁུག་རྒྱུད་དུ་ལས་འགན་སྒྲུབ་རྒྱུ་རེད་ཅེས་བརྗོད་པ་རེད།
ཨ་རིའི་སྨྱན་སྦྱོར་གྱིས་ཚེས་20ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་སྐམ་མཚོ་གཉིས་ཀྱི་རུ་འབྲིང་ཞིག་ཝེ་ནེ་ཙུའེ་ལའི་ཉེ་འགྲམ་གྱི་ཅ་ལེ་པི་རྒྱ་མཚོའི་ཁུལ་དུ་བཏང་ནས་“ལ་ཏིང་མེ་གླིང་གི་དུག་ཚོང་ཚོགས་པར་རྡུང་རྡེག་གཏོང་རྒྱུའི་”ཐག་བཅད་པ་དང་། ཝེ་ནེ་ཙུའེ་ལའི་ནང་སྲིད་དང་། ཁྲིམས་འཛིན། ཞི་བདེ་པུའི་པུའུ་ཀྲང་ཁ་ཝུའེ་ལུའེ་ཡིས་ཚེས་25ཉིན་ཨ་རི་སྲིད་གཞུང་གིས་དུག་ཚོང་ལ་རྡུང་རྡེག་གཏོང་བར་ཁ་གཡར་ནས་ཝེ་ནེ་ཙུའེ་ལའི་ཉེ་འགྲམ་གྱི་ཅ་ལེ་པི་རྒྱ་མཚོའི་ཁུལ་དུ་དམག་དཔུང་བཏང་བའི་བྱེད་སྟངས་དེ་ནི་མ་རུང་ཁོག་བཅུག་ཅིག་རེད་ཅེས་བཤད་ཡོད་པ་རེད།