ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོའི་ཕྱོགས་སྡོམ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཚོགས་འདུར་དྲན་གསོའི་བྱེད་སྒོའི་སྐོར་གྱི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་། གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཐད་བཀོད་སྒྲིག་བྱས་པ། ཚའེ་ཆི་མཇལ་འཕྲད་ལ་ཞུགས་ནས་ཕྱོགས་སྡོམ་ཚོགས་འདུའི་ཐོག་གསུང་བཤད་གནང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་19ཉིན། 13:28】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་9ཚེས་17ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ཚའེ་ཆི་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོའི་ལས་དོན་གྲབས་གཉེར་གྱི་ཕྱོགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོའི་ཕྱོགས་སྡོམ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དྲན་གསོའི་བྱེད་སྒོའི་ལས་དོན་གྲབས་གཉེར་གྱི་ཕྱོགས་ཁག་གི་འཐུས་མིར་བྱམས་བརྩེའི་མཇལ་འཕྲད་གནང་སྟེ། ཁོང་ཚོར་འཚམས་འདྲི་གནང་ནས་ཁོང་ཚོའི་དཀའ་སྤྱད་འབད་བརྩོན་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ཚང་མར་སྙིང་སྟོབས་ཆེན་པོས་ཡར་རྒྱས་བརྩོན་ལེན་དང་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་དྲན་གསོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཚའེ་ཆི་མཇལ་འཕྲད་ལ་ཞུགས་ནས་ཕྱོགས་སྡོམ་ཚོགས་འདུར་གསུང་བཤད་གནང་བ་རེད།
ཚེས་17ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཆུ་ཚོད་10པ་ཙམ་ལ། ཞི་ཅིན་ཕིང་སོགས་འདི་གར་ཕེབས་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། ཞི་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
ཉིན་ཤས་གོང་། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་དྲན་གསོའི་བྱེད་སྒོའི་ཕྱོགས་སྡོམ་སྙན་ཞུ་ཆེད་མངགས་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་ནི་རྔམ་བརྗིད་ལྡན་ལ་གཟབ་ཅིང་རྒྱས་པ་དང་། བརྗིད་ཉམས་ཆེ་ལ་མི་སེམས་འགུལ་བ། ཡར་བརྩོན་སྐུལ་མ་གཏོང་བ་བཅས་ཀྱི་རི་འགོག་དམག་འཁྲུག་གི་དྲན་གསོའི་མཛད་སྒོ་གཟབ་རྒྱས་ཤིག་ཡིན་པས། རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་སྔར་བས་དར་སྤེལ་བཏང་བ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་སྔར་བས་མངོན་ཡོད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། དྲན་གསོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་དེའི་ལས་དོན་སྒྲིག་གཞི་ཁག་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། སྤུས་ཚད་མཐོ་པོ་དང་བླང་བྱ་ནན་པོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། དངོས་སྒྲུབ་དང་ཞིབ་ཚགས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གིས་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་ལེགས་པར་བསྒྲུབས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དྲན་གསོའི་བྱེད་སྒོ་ལས་འཕེལ་བའི་དྲང་ནུས་ཆེན་པོ་ཡག་པོ་སྤྱོད་པ་དང་། དྲན་གསོའི་བྱེད་སྒོའི་གསོན་ཉམས་ལྡན་པའི་རྒྱལ་གཅེས་རིང་ལུགས་ཀྱི་བསླབ་གཞི་འདི་རྒྱུན་མཐུད་ངང་ཡག་པོ་སྤྱོད་པ། བྱེད་སྒོ་ལས་འཕེལ་བའི་གདེང་ཚོད་དང་། སྤོབས་སེམས། སྙིང་སྟོབས་བེད་སྤྱོད་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་བ་བཅས་བྱེད་པ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཟུང་འབྲེལ་བྱས་ནས། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས། ཡང་དག་པའི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ལྟ་བ་དང་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཡོངས་ཀྱི་འགོ་ཁྲིད་དེ་ཀུན་སེམས་གཅིག་སྒྲིལ་གྱིས་དཔའ་ངར་ཆེན་པོས་རི་འགོག་དམག་འཁྲུག་གི་རྒྱལ་ཁ་རླབས་པོ་ཆེའི་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་པ། ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པ་བཅས་བྱས་ཏེ། ལོ་རྒྱུས་མེ་ལོང་དུ་འཛིན་པའི་ཁྲོད་རྒྱུན་ཆད་མེད་པར་འབྱུང་འགྱུར་གཏོད་དགོས།
ཀྲུང་གོའི་རི་འགོག་དམག་འཁྲུག་གི་གཏམ་རྒྱུད་དང་ཞི་བདེ་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས། འཛམ་གླིང་ལ་ཀྲུང་གོ་ནི་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་མཐའ་གཅིག་ཏུ་སྲུང་མཁན་ཞིག་ཡིན་པ་གསལ་པོར་མཚོན་པ་བྱས་ཏེ། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གཞོལ་བའི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་དགོས། དྲན་གསོའི་བྱེད་སྒོའི་ལས་དོན་གྲབས་གཉེར་གྱི་ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་ནན་ཏན་བྱས་ཏེ། ཏང་ཆེན་པོ་དང་རྒྱལ་ཁབ་སྟོབས་ཆེན་གྱི་མཛད་སྒོའི་ལམ་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དྲན་གསོའི་བྱེད་སྒོའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། སྒྲིག་འཛུགས་གྲ་སྒྲིག་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ། བྱེད་སྒོའི་གྲུབ་འབྲས་ཡག་པོ་སྤྱོད་པ་སོགས་ལ་བླང་བྱ་ཁ་གསལ་བཏོན་གནང་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། དྲན་གསོའི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག སྤྱི་ཚོགས་ལས་རིགས་ཁག མི་དམངས་མང་ཚོགས་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དྲན་གསོའི་བྱེད་སྒོའི་གྲུབ་འབྲས་གལ་ཆེན་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ། རྗེས་མཐུད་ཀྱི་དྲན་གསོའི་བྱེད་སྒོ་ཏན་ཏིག་སྤེལ་བ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་དགོངས་དོན་ཐོག་སྔར་བས་གཅིག་གྱུར་ཡོང་བར་ཁྲིད་སྟོན་བཅས་བྱས་ནས། དྲན་གསོའི་བྱེད་སྒོ་ལས་འཕེལ་བའི་ཏང་གཅེས་རྒྱལ་གཅེས་ཀྱི་སྤྲོ་སེམས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།
དྲན་གསོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་དབྱི་དང་། དབྱིན་ལི། ལི་ཧྲུའུ་ལེ། ཀྲང་ཡོའུ་ཞ། ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་། ལིའུ་ཀྲེན་ལི་བཅས་བྱེད་སྒོར་ཞུགས་ཡོད། དྲན་གསོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ལས་དོན་སྒྲིག་གཞི་ཁག་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་ལས་དོན་པ། གཟིགས་སྦྲེང་དཔུང་སྡེའི་དཔོན་དམག བདེ་སྲུང་འཐབ་ས་དང་པོའི་ལས་སྒྲུབ་མི་སྣ། འཁྲབ་སྟོན་པ་དང་ལས་མི་གཞན་དག དང་བླངས་པ། ཞབས་ཞུ་འགན་སྲུང་མི་སྣ། སྨྱན་སྦྱོར་གསར་འགོད་པའི་འཐུས་མི་སོགས་བྱེད་སྒོར་ཞུགས་པ་རེད།