གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་21ཉིན། 15:44】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་19ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་པར་ནས་བཀའ་མོལ་གནང་སྟེ། མིག་སྔའི་ཀྲུང་ཨའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་སྐོར་ལ་ལྷག་བསམ་ཟོལ་མེད་ཀྱིས་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་ངང་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་འཐབ་ཇུས་ཀྱི་མཛུབ་ཁྲིད་ཀྱང་གནང་བ་རེད། ཞལ་པར་བསྐྱོན་དོན་ནི་དངོས་སྒྲུབ་དང་། ཧུར་བརྩོན། དགེ་མཚན་ལྡན་པ་ཞིག་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱེད་མཁན་གྱི་མནའ་གྲོགས་ཤིག་རེད། མི་རིང་བའི་གོང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་གཟབ་རྒྱས་ངང་འཚོགས་པ་དང་། སྐབས་དེ་དུས་ཨ་རིའི་སྟག་འཕུར་རུ་ཁག་གི་ཁོངས་མིའི་ནང་མི་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དུ་དམག་གཟིགས་མཛད་སྒོ་གཟིགས་པར་གདན་དྲངས་པ་རེད། ཨ་རི་སོགས་ཧྥ་ཤི་སིར་ངོ་རྒོལ་བྱེད་མཁན་གྱི་མནའ་མཐུན་རྒྱལ་ཁབ་ཀྱིས་ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་ཀྲུང་གོ་མི་དམངས་ཀྱིས་བརྗེད་མི་སྲིད། ང་ཚོས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་ལོ་རྒྱུས་བློ་ལ་བརྟན་པོར་འཆང་བའི་རྨང་གཞིའི་ཐོག་ཞི་བདེར་གཅེས་སྤྲས་དང་འབྱུང་འགྱུར་གསར་གཏོད་བྱེད་ཀྱི་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨའི་འབྲེལ་བ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཐུན་མོང་ཐོག་དར་རྒྱས་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་པོར་བདེ་སྐྱིད་བསྐྲུན་ནས་འཛམ་གླིང་ལ་ཕན་པ་འདོགས་ཐུབ་པ་བྱེད་དགོས། རེ་འདོད་དེ་མངོན་འགྱུར་བྱེད་པར། ཕྱོགས་གཉིས་ཀས་ཕན་ཚུན་ཁ་གཏད་དུ་སྐྱོད་པ་དང་འབད་བརྩོན་ལྷོད་མེད་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་མངོན་འགྱུར་ཡོང་བ་བྱེད་དགོས། ཕྱོགས་གཉིས་པོའི་ཚོགས་པས་ཉེ་ཆར་གྲོས་མོལ་བྱས་པ་ལས་འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་སྙིང་སྟོབས་མཚོན་ཡོད་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མངོན་གསལ་དོད་པའི་གནད་དོན་མུ་མཐུད་ཐག་གཅོད་ཡག་པོ་བྱས་ན་གཉིས་ཕན་མངོན་འགྱུར་ཡོང་བའི་གྲུབ་འབྲས་བརྩོན་ལེན་བྱེད་ཐུབ། ཨ་རི་ཕྱོགས་ཀྱིས་ཕྱོགས་རྐྱང་པའི་ཚོང་དོན་ཚོད་འཛིན་བྱེད་ཐབས་མི་སྤྱོད་པར། ཕྱོགས་གཉིས་པོས་རེས་སྐོར་མང་པོའི་གྲོས་མོལ་བརྒྱུད་ཐོབ་པའི་གྲུབ་འབྲས་ལ་རྡབ་རྡེག་མི་ཕོག་པའི་སྔོན་འགོག་བྱེད་དགོས། TikTokགནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཁ་གསལ་གཏིང་གསལ་ཡིན། ཀྲུང་གོ་སྲིད་གཞུང་གིས་ཁེ་ལས་ཀྱི་འདོད་མོས་ལ་བརྩི་འཇོག་བྱེད་པ་དང་ཁེ་ལས་ཀྱིས་ཁྲོམ་རའི་སྒྲིག་སྲོལ་དང་མཐུན་པའི་རྨང་གཞིའི་ཐོག་ཚོང་ལས་གྲོས་མོལ་ཡག་པོ་བྱས་ནས་ཀྲུང་གོའི་བཅའ་ཁྲིམས་ཁྲིམས་སྲོལ་དང་མཐུན་པ་དང་ཁེ་ཕན་དོ་སྙོམས་ཀྱི་ཐག་གཅོད་ཇུས་གཞི་འཇོག་པ་མཐོང་འདོད་ཆེན་པོ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཨ་རིར་མ་འཇོག་བྱེད་པར་སྒོ་དབྱེ་དང་། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད།
ཐེ་རོན་ཕུའུ་ཡིས་གསུངས་དོན། ཀྲུང་གོས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་མཛད་སྒོ་ནི་ངོ་མཚར་ཧ་ཅང་ཆེ་བ་ཞིག་འདུག ཨ་ཀྲུང་འབྲེལ་བ་ནི་འཛམ་གླིང་ཐོག་ཕྱོགས་གཉིས་ཀྱི་འབྲེལ་བ་གལ་ཆེ་ཤོས་ཤིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱིས་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་ཕན་པའི་དོན་ཆེན་མང་པོ་ཞིག་སྒྲུབ་ཐུབ་པས། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཡུན་རིང་དང་ཅུང་ལེགས་པའི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་པོའི་ཚོགས་པའི་གྲོས་མོལ་ལ་རྒྱབ་སྐྱོར་བྱས་ནས་TikTokགནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་ཞི་བདེ་སྲུང་སྐྱོང་ཧུར་ཐག་བྱེད་འདོད་ཡོད།