“མདུན་བསྐྱོད་ཀྱི་བོད་ལྗོངས་”ཞེས་པ་ཀན་སུའུ་ཡི་ལས་དོན་ལ་བརྟག་ཞིབ་བཅར་འདྲི་བྱེད་པའི་མི་དམངས་དྲ་བའི་ཚོགས་པས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་23ཉིན། 15:04】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
2024ལོའི་ཟླ་6པར་ལན་ཀྲང་མྱུར་བགྲོད་ལྕགས་ལམ་གྱི་ལན་ཝུའུ་དུམ་བུ་དངོས་སུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་བསྟུན་ནས་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། ཀ་དྲོད་རྫ་རིའི་བྱང་ངོས་སུ་གནས་པའི་བཀྲ་ཤིས་ཕྱུག་ལུང་རྩྭ་ཐང་དེས་མཛེས་སྡུག་ལྡན་པའི་མཐོ་སྒང་གི་མཛེས་ལྗོངས་དང་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་ལ་བརྟེན་ནས་མགྱོགས་མྱུར་ཡུལ་སྐོར་བྱ་ཡུལ་གྲས་ཆེ་ཤོས་གྲས་སུ་གྱུར་ཡོད།
ཀ་དྲོད་རྫ་རིའི་གུར་སྒར།
ཀ་དྲོད་རྫ་རིའི་སྦྲ་གུར་སྒར་སའི་ནང་ཟ་མ་བསྐྱལ་བའི་མེ་འཁོར་ཆུང་ཆུང་།
ཀ་དྲོད་རྫ་རིའི་སྦྲ་གུར་སྒར་སའི་ཕྱིའི་ཡུལ་ལྗོངས།
ཀ་དྲོད་རྫ་རིའི་སྦྲ་གུར་སྒར་སའི་ཁང་པའི་ནང་གི་ཡུལ་ལྗོངས།
བཀྲ་ཤིས་ཕྱུག་ལུང་རྩྭ་ཐང་གི་ས་མུའུ་2100བཟུང་བའི་ཀ་དྲོད་རྫ་རིའི་གུར་གྱི་སྒར་སར། རྩྭ་ཐང་དུ་སྐར་ཚོགས་བཞིན་བཀྲམ་པའི་གུར་དཀར་དང་རྒྱང་རིང་གི་གངས་རི། ལྷིང་འཇགས་ངང་གཟན་རྩྭར་རོལ་བའི་ནོར་ལུག་བཅས་ཀྱི་རྣམ་པས་ཁུ་སིམ་ངོ་མཚར་ལྡན་པའི་ས་མཐོའི་ཡུལ་ལྗོངས་ཀྱི་རི་མོ་བཞིན་དུ་མངོན།
ཉེ་བའི་ལོ་ཤས་རིང་། དཔའ་རིས་རྫོང་གིས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་བཀྲ་ཤིས་ཕྱུག་ལུང་རྩྭ་ཐང་དུ་ཡུལ་སྐོར་བར་གུར་ཕུབ་པ་དང་། ཞག་སྡོད། རིག་གནས་ཉམས་ལེན། འགྲན་བསྡུར་ཞིབ་འཇུག་དང་སློབ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཀྱི་ཡུལ་སྐོར་དམིགས་ས་བསྐྲུན་ཡོད།
ཀ་དྲོད་རྫ་རིའི་སྦྲ་གུར་སྒར་ས་སོགས་མཚོན་རྟགས་རང་བཞིན་གྱི་ཡུལ་སྐོར་རིག་གནས་རྣམ་གྲངས་བསྐྲུན་པ་དང་བསྟུན་ནས། དཔའ་རིས་རྫོང་གི་ཡུལ་སྐོར་མུ་མཐུད་ལེགས་སུ་ཕྱིན་ནས་ཡུལ་སྐོར་དཔལ་འབྱོར་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་ཡོད། 2025ལོའི་ལོ་སྟོད་དུ་དཔའ་རིས་རྫོང་གིས་ཡུལ་སྐོར་བ་ཐེངས་ཁྲི་448.05ལ་སྣེ་ལེན་ཞུས་པས་ཡུལ་སྐོར་འཛད་སྤྱོད་སྒོར་དུང་ཕྱུར་44.66ཟིན་པ་དེ་སྔ་ལོའི་དུས་མཚུངས་ལས་སོ་སོར་70.3%དང་93.4%འཕར་ཡོད།