གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་23ཉིན། 15:09】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་《ཞི་ཅིན་ཕིང་གི་དམངས་སྲིད་ལས་དོན་སྐོར་གྱི་རྣམ་བཤད་གནད་བསྡུས་》ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
དམངས་སྲིད་ལས་དོན་ནི་དམངས་འཚོ་དང་འབྲེལ་བ་ཡོད་པ་དང་དམངས་སེམས་དང་འབྲེལ་ནས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཏང་གིས་དམངས་སྲིད་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་དམངས་སྲིད་བྱ་གཞག་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་དམངས་སྲིད་ལས་དོན་ལ་དམིགས་ནས་སྤེལ་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི་བརྗོད་དོན་རྒྱ་ཆེ་གཏིང་ཟབ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡོད་ཅིང་། དམངས་སྲིད་ལས་དོན་གྱི་ཁ་ཕྱོགས་རང་བཞིན་དང་། རྩ་བའི་རང་བཞིན། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་གསལ་འགྲེལ་གཏིང་ཟབ་བརྒྱབ་སྟེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་སྒུལ་ཤུགས་ཆེན་པོ་བསྣན་པ་མ་ཟད། དེས་དམངས་སྲིད་ལས་དོན་སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ་དང་། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་། སྤྱི་ཚོགས་ཀྱི་ཕན་བདེ། སྤྱི་ཚོགས་ལས་དོན། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཧུར་ཐག་དང་རང་འགུལ་ངང་མི་དམངས་མང་ཚོགས་ལ་བྱ་བཟང་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་ངལ་སེལ་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
《རྣམ་བཤད་གནད་བསྡུས་》ལ་ཆེད་དོན་དྲུག་དབྱེ་ཡོད་པར་ཁྱོན་བསྡོམས་རྣམ་བཤད་དུམ་བུ་224ཡོད་པ་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་2012ལོའི་ཟླ་11པ་ནས་2025ལོའི་ཟླ་7པའི་བར་གནང་བའི་སྙན་སྒྲོན་དང་། གསུང་བཤད། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་160ལྷག་ཙམ་ནས་དྲངས་པ་ཞིག་རེད། དེའི་ནང་གི་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་ངང་སྤེལ་ཐེངས་དང་པོ་ཡིན་པ་རེད།