འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་24ཉིན།

༄༅།།ཐེ་ལང་ཕུ་གསོད་རྩིས་བྱེད་མཁན་ལ་ཚེ་གང་བཙོན་འཇུག་གི་ཁྲིམས་ཐག་བཅད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་24ཉིན། 14:10】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཨ་རིའི་ཁོ་ལོམ་པི་ཡ་རླུང་འཕྲིན་ཀུང་སིས་(CBS)གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་23ཉིན་ཨ་རིའི་ཧྥོ་ལུའོ་ལི་ཏ་མངའ་སྡེའི་འདྲི་གཅོད་ལས་རོགས་ཚོགས་པ་ཞིག་གིས་རུའེ་ཨན་·ལའོ་སིས་སྐབས་དེ་དུས་ཙུང་ཐུང་འདེམས་བསྐོའི་མི་སྣ་ཐེ་རོན་ཕུ་ལྐོག་གསོད་བྱེད་རྩིས་བྱས་པས་ཉེས་མིང་ལྔ་ཡོད་པའི་བརྡས་ཐག་བཅད། དེའི་ནང་ཙུང་ཐུང་འདེམས་བསྐོའི་མི་སྣ་གཙོ་བོ་ལྐོག་གསོད་བྱེད་རྩིས་བྱས་པ་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁྲིམས་འཛིན་མི་སྣར་འཇབ་རྒོལ་བྱས་པ་སོགས་ཚུད་ཡོད་པ་རེད།

     གནས་འཕྲིན་སྤེལ་བར་གཞིགས་ན། ལའོ་སི་ནི་2024ལོའི་ཟླ་9པར་ཐེ་རོན་ཕུའི་ཀའོ་ཨར་ཕུའུ་སྤོ་ལོ་ཐང་དུ་བཟུང་བ་དང་ཆེད་དམིགས་ཉེན་རྟོག་པ་ཞིག་གིས་དཔང་བརྟག་བྱས་དོན་དུ། ལའོ་སིས་ཐེ་རོན་ཕུའུ་མ་མཐོང་གོང་ནས་ཁོ་པས་ལའོ་སིར་དོ་སྣང་བྱུང་བ་དང་། ལའོ་སིས་ཉེན་རྟོག་པའི་ཕྱོགས་སུ་མེ་མདའ་ལྡིར་སྐབས། ཉེན་རྟོག་པས་ལམ་སེང་མེ་མདའ་བརྒྱབ་པས་ལའོ་སིས་མེ་མདའ་གཅིག་ཀྱང་མ་བརྒྱབ་པར་བྲོས་བྱོལ་དུ་སོང་བ་རེད།

     ཉིན་དེའི་འདྲི་གཅོད་བྱེད་རིམ་དུ་ལའོ་སི་ཡིས་ངར་མེ་མདའི་སྐམ་པ་གནོན་ཁོམ་མ་བྱུང་བས། མེ་མདའ་བརྒྱབ་མེད། མི་གཅིག་ལའང་རྨས་སྐྱོན་བཟོས་མེད་པས་གནས་ཚུལ་དེའི་ཐད་ང་ལ་ཉེས་པ་མེད་ཞེས་བརྗོད་ཡོད་པ་རེད།

     ཁྲིམས་གཅོད་བྱས་རྗེས། ལའོ་སི་ཡིས་ཅོག་ཙེའི་སྟེང་གི་ལྕགས་སྨྱུག་ལ་བརྟེན་ནས་རང་ཤི་རྒྱག་འདོད་ཀྱང་མཐའ་མར་ཁྲིམས་འཛིན་ཉེན་རྟོག་པས་གཅུན་པ་རེད། རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་ཁྲིམས་དཔོན་གྱིས་ལའོ་སིར་ཁྲིམས་གཅོད་ཀྱི་དུས་ཚོད་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། ཁོ་པ་ཚེ་གང་བཙོན་འཇུག་བྱེད་ཉེན་ཡོད།