འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་26ཉིན།

༄༅།།ཐེ་རོན་ཕུས། ཕུའུ་ཅིང་དང་འབྲེལ་བ་ཡག་པོ་བཙུགས་ཀྱང་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱེད་པར་ཕན་པ་གང་ཡང་མ་ཐོན་པ་ཁས་བླངས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་25ཉིན། 15:23】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཕྱོགས་བསྡུས་ཨུ་རུ་སུའི་འཁོར་སྐར་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས། ཁོ་བོ་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དབར་སྒེར་གྱི་འབྲེལ་བ་ཡག་པོ་ཡོད་ཀྱང་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་པར་ཕན་པ་གང་ཡང་ཐོན་མ་སོང་ཞེས་བརྗོད་ཡོད་པ་རེད།

     གསར་འགྱུར་ཁང་གིས་སྤེལ་བའི་གནས་འཕྲིན་ནང་། ཐེ་རོན་ཕུས་ཉིའུ་ཡོག་དུ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་འཚོག་རིང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་ཐུག་འཕྲད་བྱེད་སྐབས། “བློ་ཕམ་ཆེ་ཤོས་ནི་ཨུ་རུ་སུ་དང་ཡུག་རེན་གྱི་གནས་བབ་དེ་རེད། ངས་བསམ་ཚོད་བྱས་ན་ང་དང་ཕུའུ་ཅིང་གི་འབྲེལ་བ་ཡག་པོ་ཡོད་པས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་ཕན་ཐོགས་ཐུབ་ཀྱི་རེད་སྙམ་རུང་ཡིད་ཕམ་དགོས་པ་ཞིག་ལ་དེས་ཕན་པ་གང་ཡང་ཐོན་མ་སོང་”ཞེས་བརྗོད་པ་རེད།

     གཞན་ཡང་ཐེ་རོན་ཕུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་སྐབས་གལ་སྲིད་ཨུ་རུ་སུས་ཡུག་རེན་གྱི་ཉམས་ཉེན་མཇུག་བསྒྲིལ་རྒྱུར་མོས་མཐུན་མ་བྱས་ཚེ་ཨ་རིས་ཨུ་རུ་སུར་དཔྱ་ཁྲལ་མཐོན་པོ་བསྡུ་རྒྱུའི་སྐོར་གླེང་ཡོད།

     ཐེ་རོན་ཕུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་སྐབས་ཡོ་རོབ་རྒྱལ་ཁབ་ལ་ཨ་རིས་ཨུ་རུ་སུ་བཀག་སྡོམ་བྱེད་པའི་ནང་ཞུགས་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། ཐེ་རོན་ཕུས། ཨུ་རུ་སུས་ཞི་བའི་གྲོས་མཐུན་འཇོག་འདོད་མ་བྱས་ཚེ་ཨ་རིས་སྒོ་ཁྲལ་གྱི་ཐབས་ནན་ཤོས་ལག་ལེན་བསྟར་རྒྱུའི་གྲ་སྒྲིག་ཕྱོགས་ཡོངས་ནས་བྱས་ཡོད་ཅེས་བཤད་ཡོད་པ་རེད།

     ཐེ་རོན་ཕུས། “དེ་མགྱོགས་མྱུར་ངང་མཇུག་བསྒྲིལ་ངེས་ཡིན་པ་ངར་ཡིད་ཆེས་ཡོད། འོན་ཀྱང་སྒོ་ཁྲལ་དེ་དག་ནུས་པ་ཐོན་པ་ཞིག་ཡོང་བ་བྱེད་པར་ཡོ་རོབ་རྒྱལ་ཁབ་ཀྱིས་ངེས་པར་དུ་ང་ཚོའི་ཕྱོགས་སུ་ལངས་དགོས་པ་དང་བྱ་སྤྱོད་གཅིག་གྱུར་ཞིག་ཀྱང་སྤེལ་དགོས། ཡོ་རོབ་པས་ངེས་པར་དུ་བྱ་སྤྱོད་སྤེལ་དགོས། ཁོ་ཚོས་ད་ལྟ་བཞིན་ཕྱོགས་གཅིག་ནས་ཨུ་རུ་སུའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་མུ་མཐུད་ཉོ་བ་དང་། ཕྱོགས་གཅིག་ནས་ཨུ་རུ་སུར་འགྲན་རྒོལ་བྱེད་པ་དེ་འདྲ་བྱེད་མི་རུང་། དེ་ནི་ངོ་ཚ་དགོས་པ་རེད་”ཅེས་བརྗོད་པ་རེད།