གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་25ཉིན། 15:33】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་པུའུ་མའོ་ཡིས་ཨ་རིའི་ཉིའུ་ཡོག་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་80པའི་སྤྱིར་བཏང་རྩོད་གླེང་ནང་ལོ་རྒྱུས་ཀྱི་གནད་དོན་ངོས་འཛིན་བྱེད་ལུགས་ལ་དམིགས་ནས་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་ཚེས་24ཉིན་ལྗར་པན་ཕྱོགས་ལ་ལོ་རྒྱུས་ཀྱི་ཉེས་འགན་ལ་རང་སྐྱོན་རང་བརྟག་བྱས་ནས་ལོ་རྒྱུས་ཀྱི་བསླབ་བྱ་ནན་པོར་བླངས་ཏེ་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
ཀུའོ་ཅ་ཁུན་གྱིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་རྒྱག་སྐབས། ཀྲུང་གོ་ཕྱོགས་ཀྱིས་དབུ་བཞུགས་བློན་ཆེན་ཧྲི་པོ་ལ་གཏམ་བཤད་སྤེལ་སྐབས་“ལོ་རྒྱུས་ལ་ནན་གྱིས་མ་དམིགས་ན་འོད་ཟེར་ལྡན་པའི་འབྱུང་འགྱུར་གཏོད་ཐབས་བྲལ་བ་དང་དམག་འཁྲུག་གི་ཆག་སྒོ་བསྐྱར་དུ་མི་ཐོན་པར་བྱེད་དགོས་”ཞེས་དང་། “དམག་འཁྲུག་བརྒྱབ་རྗེས་ཨ་ཤེ་ཡའི་མི་དམངས་ཀྱིས་བཟོད་སྒོམ་གྱི་སྙིང་སྟོབས་ཐོག་ནས་ལྗར་པན་དང་ལེན་བྱས་ཡོད་”ཅེས་བརྗོད་པར་དོ་སྣང་བྱུང་།
འོན་ཀྱང་ང་ཚོས་ཀྱང་གཏམ་བཤད་ནང་‘བཙན་འཛུལ་’དང་‘དགོངས་འགལ་ཡོང་རེ་’མ་བཏོན་པར་དམག་འཁྲུག་གི་གནོད་འཚེ་གཏོང་མཁན་གྱི་འགན་འཁྲི་ལས་གཡོལ་བ་དོ་སྣང་བྱུང་། ཀུའོ་ཅ་ཁུན་གྱིས། དབུ་བཞུགས་བློན་ཆེན་ཧྲི་པོ་ཡིས་དེ་སྔོན་ལྗར་པན་གྱིས་“ལོ་རྒྱུས་ལ་ཁ་གཏད་གཅོག་པ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་”སྙིང་སྟོབས་འཆང་དགོས་ཚུལ་བརྗོད་མྱོང་བས། ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་དང་ལོ་རྒྱུས་ཀྱི་བསླབ་བྱ་བློ་ལ་བརྟན་པོར་ངེས་ནས་དམག་འཁྲུག་གི་ཉེས་སྤྱོད་བསྐྱར་དུ་མི་ཐོན་པར་བྱེད་དགོས་ཞེས་བརྗོད་པ་རེད།
ཀུའོ་ཅ་ཁུན་གྱིས། འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ལ་ངོས་འཛིན་དང་ལྟ་སྟངས་ཡང་དག་འཛིན་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་བཙན་འཛུལ་ལོ་རྒྱུས་ཀྱི་རང་སྐྱོན་རང་བརྟག་དང་དགོངས་དག་ཞུ་བ་མཚོན་པར་བྱ་རྒྱུ་ནི་ལྗར་པན་གྱིས་དམག་འཁྲུག་རྗེས་སུ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ལོག་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་དང་ལྗར་པན་གྱི་ཆབ་སྲིད་ཀྱི་རྨང་གཞི་དང་། ལྗར་པན་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བ། ལྗར་པན་གྱི་རྒྱལ་སྤྱིའི་སྣང་བརྙན་བཅས་དང་འབྲེལ་བ་ཡོད།《ཀྲུང་ལྗར་མཉམ་འབྲེལ་གསལ་བསྒྲགས་》ནང་“ལྗར་པན་རྒྱལ་ཁབ་ཀྱིས་ཀྲུང་གོ་མི་དམངས་ལ་བཟོས་པའི་གནོད་འཚེ་ཚབས་ཆེན་གྱི་འགན་འཁྲིར་ལྗར་པན་ཕྱོགས་ཀྱིས་སེམས་སྡུག་ཆེན་པོ་བྱས་ནས་རང་སྐྱོན་རང་བརྟག་དང་དགོངས་དག་ཞུ་རྒྱུ་ཡིན་”ཞེས་ཁ་གསལ་བཀོད་ཡོད།
ཀུའོ་ཅ་ཁུན་གྱིས། ང་ཚོས་ལྗར་པན་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་ཉེས་འགན་ལ་རང་སྐྱོན་རང་བརྟག་བྱེད་པ་དང་ལོ་རྒྱུས་ཀྱི་བསླབ་བྱ་དང་ལེན་ནན་ཏན་བྱས་ནས་ལོ་རྒྱུས་དང་། མི་དམངས། འབྱུང་འགྱུར་བཅས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་བཙན་འཛུལ་གྱི་ལོ་རྒྱུས་ལ་མཛེས་རྒྱན་སྤྲོས་པ་དང་འགེབས་སྲུང་བྱེད་པའི་བྱེད་སྤྱོད་ཡོད་ཚད་དང་རྦད་དེ་ཁ་བྲལ་དགོས་པ་དང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་བྱ་སྤྱོད་ངོ་མའི་ཐོག་ནས་ཨ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་ཞེས་བརྗོད་པ་རེད།