འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་28ཉིན།

༄༅།།ཧྥ་རན་སེའི་ཙུང་ཐུང་ཟུར་པར་ཁྲིམས་ཆད་ལོ་ལྔ་བཅད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་28ཉིན། 13:37】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཧྥ་རན་སེའི་ཙུང་ཐུང་ཟུར་པ་སཱ་ཁོ་ཆི་ཡིས་ཁྲིམས་ལས་འགལ་ཏེ་ཁ་ཀྲ་ཧྥེ་ཡི་རོགས་དངུལ་བླངས་པའི་དབང་གིས་ལོ་ལྔ་རིང་བཙོན་དུ་འཇུག་རྒྱུའི་ཁྲིམས་ཐག་བཅད།

     ཧྥ་རན་སེའི་ཙུང་ཐུང་ཟུར་པ་སཱ་ཁོ་ཆི་ཡིས་ཁྲིམས་ལས་འགལ་ཏེ་ལི་པི་ཡའི་འགོ་ཁྲིད་ཟུར་པ་ཁ་ཀྲ་ཧྥེས་མཁོ་འདོན་བྱས་པའི་འདེམས་བསྐོའི་རོགས་དངུལ་བླངས་པའི་དོགས་གཞི་ཡོད་པའི་དབང་གིས་ཚེས་25ཉིན་ཕ་རི་སིའི་ཉེས་དོན་ཁྲིམས་ཁང་གིས་ལོ་ལྔའི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

     ཕ་རི་སིའི་ཉེས་དོན་ཁྲིམས་རའི་འདྲི་གཅོད་པ་གཙོ་བོ་ཁྲིམས་དཔོན་ནཱ་ཐ་ལི་·ཅ་ཝ་ལི་ནུའོ་ཡིས་སཱ་ཁོ་ཆིར་2005ལོ་ནས་2007ལོའི་བར་“བྱས་ཉེས་མཉམ་བསགས་”གི་ཉེས་པ་བསགས་པར་ཐག་བཅད་དེ། “ཁོང་གི་སྙིང་ཉེ་དང་ཆབ་སྲིད་རྒྱབ་སྐྱོར་བས་2007ལོའི་ཙུང་ཐུང་འདེམས་བསྐོའི་ཁྲོད་ལི་པེ་ཡ་སྲིད་གཞུང་ལ་མ་དངུལ་གྱི་རྒྱབ་སྐྱོར་ཡོང་རེ་བཏོན་པ་རེད་”ཅེས་བཤད་པ་རེད།

     སཱ་ཁོ་ཆིས་ལི་པེ་ཡ་ནས་འབྱོར་བའི་འདེམས་བསྐོའི་མ་དངུལ་སྦས་གསང་དང་། སྤྱད་པ། དེ་བཞིན་ལྐོག་རྔན་བླངས་པ་སོགས་རྒྱལ་ཁབ་དངུལ་རྩའི་ཞིབ་དཔྱོད་ཁང་ནས་དེའི་གོང་ལ་སྐྱོན་འདོན་ཞུ་གཏུག་བྱས་པ་དེ་ཁྲིམས་རས་དུས་མཚུངས་སུ་གནས་ལུགས་མེད་པའི་ཁྲུན་ཐག་བཅད་པ་རེད།

     ནང་སྲིད་པུའུ་ཀྲང་ཟུར་པ་པུའུ་ལི་སི་·ཨའོ་ཨེར་ཐེ་ཕུ་དང་ཁེ་ལོ་ཏེ་·ཀའེ་ཨང་ཚུད་པའི་གྱོད་འབྲེལ་མི་སྣ་མང་པོར་ཡང་ཁྲིམས་ཁང་གིས་དཔྱད་མཚམས་བཏང་བ་དང་ཁོང་གཉིས་སོ་སོར་ལོ་2ནས་6བར་གྱི་ཁྲིམས་ཆད་འཁུར་དགོས་པའི་ཁྱབ་བསྒྲགས་བྱས་པ་རེད།

     སཱ་ཁོ་ཆི་ཁྲིམས་ར་ནས་ཁ་བྲལ་སྐབས་སྨྱན་སྦྱོར་ལ་རང་ཉིད་ནི་ཉེས་མེད་ཀྱི་མི་ཞིག་ཡིན་པ་དང་ཁྲིམས་ཐག་བཅད་འབྲས་གོང་གཏུག་བྱ་རྒྱུའི་རེ་བ་འདོན་གྱིན་ཡིན་ཞེས་བརྗོད་ཡོད།

     ཧྥ་རན་སེའི་སྨྱན་སྦྱོར་གྱིས་ས་ཁོ་ཆི་གནས་སྐབས་བཙོན་ཁང་ནང་སྡོད་མི་དགོས་པ་དང་ཟླ་བ་གཅིག་ནང་ཞིབ་དཔྱོད་ཁང་གིས་བཙོན་འཇུག་གི་ཞིབ་ཕྲའི་དུས་ཚོད་བརྡ་ཐོ་བཏང་རྗེས་ཁྲིམས་ཆད་འཁུར་འགོ་ཚུགས་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།

     ས་ཁོ་ཆིས་2007ལོ་ནས་2012ལོ་བར་ཧྥ་རན་སེའི་ཙུང་ཐུང་གི་འགན་འཁུར་མྱོང་ཡོད།