གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་28ཉིན། 13:43】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ས་གནས་དེ་གའི་དུས་ཚོད་ཚེས་27ཉིན་རྒྱ་གར་ལྷོ་རྒྱུད་ཀྱི་ཐའེ་སྨིར་ན་ཏེ་པང་གི་འདེམས་བསྐོའི་འདུ་ཚོགས་ཤིག་གི་ཐོག་རྡོག་རྫིས་བཏང་བའི་དོན་རྐྱེན་ཐོན་པ་དང་། རྡི་ལི་གསར་པའི་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་27ཉིན་གྱི་དགོང་མོའི་ཆུ་ཚོད་11བར་དུ་མི་ཤི་ཚད་36བར་མང་དུ་ཕྱིན་པའི་ནང་བྱིས་པ་8ཚུད་ཡོད་པ་དང་། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། འདུ་ཚོགས་ནང་མི་ཁྲི་3ཙམ་འཛོམས་ཡོད་པ་རེད།
གནས་འཕྲིན་སྤེལ་བའི་ནང་རྡོག་རྫིས་བཏང་བའི་དོན་རྐྱེན་དེ་ས་གནས་དེ་གའི་དུས་ཚོད་དགོང་མོའི་ཆུ་ཚོད་7དང་སྐར་མ་45ཙམ་ལ་ཐོན་པ་དང་འདུ་འཛོམས་ནང་ཞུགས་མཁན་མང་པོ་ཞིག་གར་སྟེགས་སུ་འཚང་ཁ་བརྒྱབ་པའི་ཁྲོད་མི་ཁག་གཅིག་ལམ་འགག་ནས་འགྱེལ་ཏེ་རྡོག་རྫིས་ཐེབས་པ་རེད། མཐོང་མཁན་གྱིས་བཤད་པར་གཞིགས་ན། དོན་རྐྱེན་བྱུང་ས་དངོས་སུ་མི་མང་དྲགས་པས་འཚང་ཁ་ཆེན་པོ་འདུག་ཟེར།
གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་གི་ཆབ་སྲིད་འདུ་འཛོམས་དེ་ས་གནས་དེ་གའི་འཁྲབ་སྟོན་པ་གྲགས་ཅན་ཞིག་གིས་སྤེལ་བ་དང་སྤེལ་དོན་ཡང་ཁོ་པས་བཙུགས་པའི་སྲིད་ཏང་གིས་སང་ལོའི་ལོ་འགོར་འཚོག་རྒྱུ་ཡིན་པའི་ས་གནས་ཀྱི་འདེམས་བསྐོའི་ནང་ཞུགས་རྒྱུའི་འགྲན་རྩོད་ཀྱི་སྟོབས་ཤུགས་སྐྲུན་གྱིན་ཡོད་པ་རེད།
རྒྱ་གར་གྱི་ཙུང་ལི་མོ་ཏི་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་འདས་པོར་མྱ་ངན་ཞུས་པ་དང་རྨས་མ་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་ཡོད་པ་རེད།