འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་28ཉིན།

༄༅།།“ཀྲུང་ཧྭའི་ཆུ་མཛོད་”རྟག་ཏུ་སྲུང་། སྐྱེ་ཁམས་སྲུང་ཡོལ་བརྟན་པོར་གཏོང་། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་28ཉིན། 14:34】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཉེ་ཆར་གསར་འགོད་པ“རྒྱལ་ཡོངས་གཙོ་རྒྱུག་སྨྱན་སྦྱོར་མགོ་ལོག་ཏུ་བསྐྱོད་པའི”བཅར་འདྲི་ཚོགས་པ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མངའ་ཁོངས་ཀྱི་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་གླིང་ཁུལ་དུ་བསྐྱོད་པ་ཡིན། མཚོ་སྐྱ་རེངས་དང་སྔོ་རེངས་ཀྱི་ཆུ་དྭངས་ཞིང་གཙང་བ། ལྗང་མདོག་གི་རྩྭ་ཐང་རིམ་གྱིས་སྟོན་ཀའི་གསེར་མདོག་ཏུ་བསྒྱུར། སྦྲེ་དང་། རྐྱང་། ནོར་ནག་སོགས་རྩྭ་ཐང་དུ་དལ་གྱིས་རྒྱུ་ཞིང་། གནམ་སྔོན་པོ་དང་ཆུ་དྭངས་མོའི་ཀློང་དུ་སྲོག་ཆགས་དང་རྩྭ་ཐང་མཐུན་པར་གནས་ཤིང་། སྐྱེ་ཁམས་ཀྱི་རི་མོ་མཛེས་སྡུག་ལྡན་པ་ཞིག་མིག་ལ་དུ་བཀྲམས་འདུག

      རྨ་སྟོད་ནི་གཙང་གསུམ་གྱི་ཆུ་འགོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁུལ་དུ་གནས་ཤིང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐྱེ་ཁམས་བྱེད་ནུས་དོ་མཉམ་ཁུལ་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གྱི་ཆུ་བོ་སྟེ་རྨ་ཆུའི་འབྱུང་ཁུངས་དེ་ཡིན་པ་དང་། མངའ་ཁོངས་སུ་གཙང་པོ་དང་མཚེའུ་མང་པོ་ཡོད་པས། “རྨ་ཆུའི་འབྱུང་ཁུངས་”དང་“མཚེའུ་སྟོང་གི་རྫོང་”“ཀྲུང་ཧྭའི་ཆུ་མཛོད་”སོགས་ཀྱི་མཚན་བཟང་ཐོབ་ཡོད།

     ལོ་26ལ་སླེབས་པའི་འཆི་མེད་སྒྲོལ་མ་ནི་རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་རྐྱང་མཚོ་གྲོང་ཚོའི་འབྲོག་པ་ཞིག་ཡིན་པ་དང་། ད་ཆ་མོ་རང་རྨ་ཆུའི་འབྱུང་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་པ་ཡིན་ཞིང་། མོ་རང་གི་ལས་ཀ་གཙོ་བོ་ནི་ས་ཁོངས་སྐོར་ཞིབ་དང་དོ་དམ་སྲུང་སྐྱོང་བྱས་ནས་རི་སྐྱེས་སྲོག་ཆགས་ལ་རྨས་སྐྱོན་ཕོག་ཡོད་མེད་ལ་བལྟ་རྒྱུ་དང་འབྲེལ་ས་ཁོངས་ནང་གི་གད་སྙིགས་འཚོལ་སྒྲུག་བྱ་རྒྱུ་དེ་ཡིན། མོའི་རྐང་རྗེས་རྒྱ་ཆེ་བའི་ས་མཐོར་ཁྱབ་ཡོད། “རྨ་ཆུའི་འབྱུང་ཁུངས་གླིང་ཁུལ་གྱི་དོ་དམ་སྲུང་སྐྱོང་པ་ཞིག་ཡིན་པའི་ངོས་ནས་ཕ་ཡུལ་དང་རྨ་ཆུའི་འགོ་ཁུངས་སྲུང་སྐྱོབ་བྱེད་པ་ནི་འགན་འཁྲི་ཧ་ཅང་ལྗིད་པོ་ཞིག་ཡིན་མོད། འོན་ཀྱང་དོན་སྙིང་ཧ་ཅང་ཆེན་པོ་ཡོད་པས། ང་ལ་སྤོབས་པ་ཆེན་པོ་འདུག”ཅེས་བཤད། བྱ་བ་དེའི་སྐོར་གླེང་སྐབས། འཆི་མེད་སྒྲོལ་མས་བློ་རྩ་བརྟན་པོའི་སྒོ་ནས།“ངས་གཙང་གསུམ་གྱི་འགོ་ཁུངས་དང་མཛེས་སྡུག་ལྡན་པའི་རྨ་ཆུའི་འགོ་ཁུངས་སྲུང་སྐྱོང་ཡག་པོ་བྱེད་ངེས་ཡིན་”ཟེར།

     འཆི་མེད་སྒྲོལ་མས་བརྟན་སྲུང་བྱས་པ་དེ་ནི་རྨ་སྟོད“དམངས་ཡོངས་མཉམ་དུ་ཞུགས་པའི”སྐྱེ་ཁམས་སྲུང་སྐྱོང་གི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་རྨ་སྟོད་རྫོང་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། “ཁྱོན་ཡོངས་སྐུལ་འདེད་དང་། གཞི་གཅིག་ཅན་གྱི་དོ་དམ་སྲུང་སྐྱོབ། མ་ལག་ཅན་གྱི་བཅོས་སྐྱོང་། དམངས་ཡོངས་མཉམ་དུ་ཞུགས་པའི་”ཉམས་མྱོང་ལེགས་གྲུབ་བྱུང་བ་རེད། རྫོང་དང་། ཞང་། གྲོང་ཚོ་བཅས་རིམ་པ་གསུམ་གྱིས་མཉམ་འགུལ་བྱས་ཏེ། ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་དང་ནགས་ཚལ་དང་རྩྭ་དཔོན་ལམ་ལུགས་དེ་གཞི་འཛིན་སར་བྱས་ཏེ། རྒྱུན་ལྡན་ཅན་དུ་ཆུ་བོ་དང་ནགས་ཚལ་དང་རྩྭ་ས་སྲུང་སྐྱོབ་བྱས་ཏེ། རིམ་རྩིས་བྱས་ན་ཆུ་བོ་དང་མཚེའུ་ལ་སྐོར་ཞིབ་ཐེངས་1400ལྷག་ཙམ་དང་། རྫོང་ཡོངས་ཀྱི་རིམ་པ་ཁག་གི་ནགས་ཚལ་དཔོན་གྱིས་སྐོར་ཞིབ་ཐེངས་1700ལྷག་ཙམ་བྱས་པས། སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད།

     རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་པས། རྨ་ཆུའི་འགོ་ཁུངས་སྲུང་སྐྱོབ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྐྱེ་ཁམས་རྨང་གཞི་དང་ཤེས་རིག་གི་ཁྲག་རྒྱུན་སྲུང་སྐྱོབ་བྱེད་པ་ཡིན། བདག་སྐྱོང་མི་སྣའི་རྒྱུན་ལྡན་ཅན་གྱི་སྐོར་སྲུང་ནས་ཁུལ་དང་རྫོང་གི་ལམ་ལུགས་ཀྱི་འགན་སྲུང་བར་དང་། སྲོག་ཆགས་དགའ་བའི་དཔལ་ལ་རོལ་བའི་རྩྭ་ཐང་ནས་དྭངས་གཙང་གི་མཚེའུ་བར། རྨ་སྟོད་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས“ཀྲུང་ཧྭ་ཆུ་མཛོད”འབྱུང་ཁུངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན་བཞིན་ཡོད།