གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་29ཉིན། 14:30】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཕྱི་རྒྱལ་སྨྱན་སྦྱོར་ཚན་པ་མང་པོའི་གནས་འཕྲིན་ཕྱོགས་བསྡུས་བྱས་པ་ལྟར་ན། ཚེས་28ཉིན་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བསྒྲགས་དོན། ཨུ་རུ་སུས་ཡུག་རེན་ལ་ཆུ་ཚོད་12ལྷག་ཙམ་རིང་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་པ་དང་། དམིགས་ཡུལ་ནི་ཡུག་རེན་གྱི་རྒྱལ་ས་ཅི་ཧྥུའུ་སོགས་ས་ཆ་མང་པོ་རེད།
ལུའུ་ཐུའུ་གསར་འགྱུར་ཁང་གིས་ཙེ་ལན་སི་ཅིས་སྤེལ་བའི་དྲ་ཐོག་གི་ཆ་འཕྲིན་དྲངས་དོན། ས་གནས་དེ་གའི་དུས་ཚོད་ཚེས་28ཉིན་ཨུ་རུ་སུའི་དམག་གིས་མི་མེད་གནམ་གྲུ་600ཙམ་དང་“གློ་གྲི་”ཞེས་པའི་སྒྲ་མྱུར་མཐོ་བའི་འཕུར་མདའ་ཚུད་པའི་འཕུར་མདའ་40ལྷག་ཙམ་བཏང་ནས་ཡུག་རེན་གྱི་རྒྱལ་ས་ཅི་ཧྥུའུ་སོགས་ས་ཆ་མང་པོར་རྡུང་རྡེག་བཏང་བ་དང་། མིག་སྔར་ཅི་ཧྥུའུ་རུ་མི་4རྐྱེན་ལམ་དུ་ཤོར་བ་དང་ས་གནས་ཁག་ཏུ་མི་40ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
གནས་འཕྲིན་སྤེལ་བའི་ནང་ད་དུང་རང་ཚུགས་ལྟ་ཞིབ་པ་ཞིག་གི་ཆ་འཕྲིན་དྲངས་ནས་བསྟན་དོན། འདི་ནི་2022ལོར་ཡུག་རེན་ལ་ཉམས་ཉེན་བྱུང་ཚུན་ཨུ་རུ་སུས་ཅི་ཧྥུའུ་དང་དེ་བཞིན་ཉེ་འཁོར་ས་ཁུལ་དུ་གཞི་ཁྱོན་ཆེ་ཤོས་ཀྱི་རྡུང་རྡེག་བྱ་སྤྱོད་སྤེལ་བའི་གྲས་ཤིག་རེད།
ཨུ་རུ་སུའི་རྒྱལ་སྲུང་པུས་ཉིན་དེར་བརྡ་ཁྱབ་བཏང་ནས་ཨུ་རུ་སུའི་དམག་གིས་ད་ཐེངས་མཁའ་ཐོག་འཇབ་རྒོལ་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་ཡུག་རེན་ཕྱོགས་ཀྱི་དམག་དོན་བཟོ་ལས་ཐོན་སྐྱེད་སྒྲིག་ཆས་དང་དམག་སྤྱོད་གནམ་གྲུ་ཐང་ཡིན་པ་དང་། དེ་བཞིན་ཨུ་རུ་སུའི་དམག་གིས་ཉིན་དེར་ས་ཆ་མང་པོ་ནས་ཡུག་རེན་གྱི་མི་མེད་གནམ་གྲུ་41རྩ་མེད་དུ་བཏང་བའི་ནང་ཁུའར་སི་ཁེ་མངའ་སྡེའི་མི་མེད་གནམ་གྲུ་12དང་པུའུ་ལེན་སི་ཁེ་མངའ་སྡེའི་མི་མེད་གནམ་གྲུ་10ཡོད་ཅེས་བརྗོད་ཡོད།