གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་30ཉིན། 09:59】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། སྤྱི་བདེ་ལས་ཁུངས་ཀྱིས་མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྔོན་ཐོན་དཔེ་མཚོན་འདེམས་གཏོད་དང་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། ཉེན་རྟོག་པའི་བློ་སྟོབས་འཕེལ་བ་དང་གཟུགས་བརྙན་བཟང་པོ་མངོན་པར་སྐུལ་ལྕག་གཏོང་ཆེད། སྤྱི་བདེ་པུའུ་ཡིས་ཤིན་ཅང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁ་ཧྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཕའེ་དབྱི་ཁེ་མཐའ་མཚམས་མངགས་གཏོང་ཁང་ལ་རྒྱལ་ཡོངས་ཀྱི“སྤྱི་བདེའི་དཔེ་བཟང”གི་མཚན་སྙན་སྤྲད་པ་མ་ཟད། དེའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་སྤྱི་བདེའི་དཔེ་བཟང་མིག་དཔེར་བྱས་ནས་ལྷག་བསམ་རྣམ་དག་གི་རང་མདངས་ནམ་ཡང་རྒྱུན་འཁྱོངས་དང་། ཁྱིམ་ཞེན་རྒྱལ་ཞེན་གྱིས་བརྩེ་བ་ཟབ་མོ་འཆང་བ། འཐབ་འཛིང་གི་དཔའ་ཉམས་ཞུན་བརྡར་བྱེད་པ། ལས་འགན་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། ཆབ་སྲིད་ཀྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་པོས་བདེ་འཇགས་ཞབས་ཞུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཕའེ་དབྱི་ཁེ་མཐའ་མཚམས་མངགས་གཏོང་ཁང་གི་ཁུལ་ཁོངས་ཀྱི་རང་བྱུང་ཁོར་ཡུག་ཞན་པོ་ཡོད་པ་དང་། མིག་སྔར་ཉེན་རྟོག་པ་50ཡོད་པ་དང་ཆ་སྙོམས་ལོ་ཚད་28ལ་སླེབས་ཡོད། མངགས་གཏོང་ཁང་བཙུགས་ནས་ལོ་75ཡི་རིང་། མཐའ་སྲུང་མི་དམངས་ཉེན་རྟོག་པ་མི་རབས་ནས་མི་རབས་ཀྱིས་ལང་ཚོ་དང་རྔུལ་ཆུར་བརྟེན་ནས་གསོ་རླུང་འདུས་ཚད་50%ཡང་མི་ཟིན་པའི“ཚེ་སྲོག་དཀའ་ཁུལ”དུ“གོ་རྟོགས་ས་བབ་ལས་མཐོ་བ་དང་། ཐོག་མའི་བསམ་འདུན་ས་མཐོ་ལས་མཐོ་བ། བློ་རྩ་བྲག་ལས་བརྟན་པ”བཅས་ཀྱི་མི་སེམས་འགུལ་བའི་བྱ་གཞག་གཏོད་བཞིན་མཆིས།