འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་30ཉིན།

༄༅།།ཞི་ཅིན་ཕིང་དང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་དང་ཁུ་པའི་
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི―ཁ་ནེར་གྱིས་ཀྲུང་ཁུ་དབར་ཕྱི་འབྲེལ་བཙུགས་ནས་
ལོ་ངོ་65འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

ལི་ཆང་དང་ཁུ་པའི་ཙུང་ལི་མཱ་ལེ་ལུའོ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་30ཉིན། 10:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་དང་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི―ཁ་ནེར་གྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུས་པ་རེད།

     ཞི་ཅིན་ཕིང་གིས་གསུངས་དོན། ལོ་65ཡི་གོང་དུ། ཁུ་པས་སའི་གོ་ལའི་ཕྱེད་ནུབ་མའི་རྒྱལ་ཁབ་ཁྲོད་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་ཐོག་མར་བཙུགས་ནས་ཀྲུང་གོ་དང་ཁུ་པའི་འབྲེལ་བའི་ལེའུ་གསར་པ་ཞིག་རྩོམ་འགོ་ཚུགས་པ་རེད། ལོ་65ཡི་རིང་། ཀྲུང་གོ་དང་ཁུ་པའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་ལྷག་བསམ་ཟོལ་མེད་ངང་ཕན་ཚུན་རོགས་རེས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། ང་དང་བློ་མཐུན་ཀྲུའུ་ཞིའི་དབར་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྣེ་ཁྲིད་བྱས་ཡོད། ཡུན་རིང་མ་སོང་གོང་། བློ་མཐུན་ཀྲུའུ་ཞི་ཀྲུང་གོར་ཕེབས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོའི་བྱེད་སྒོར་ཞུགས་པ་དང་། ངས་ཁྱེད་རང་དང་སླར་ཡང་ཐུག་འཕྲད་བྱས་ནས་དེ་བས་དམ་ཟབ་ཀྱི་ཀྲུང་ཁུ་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་།

      ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངས་ཀྲུང་ཁུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བ་འགོ་འཛུགས་ས་གསར་པར་བྱས་ནས། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་། ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ། འཕེལ་རྒྱས་དང་མཉམ་ལས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ཏེ། ཀྲུང་ཁུ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཏི་ཡ་སི—ཁ་ནེར་དང་ཁུ་པའི་གསར་བརྗེའི་འགོ་ཁྲིད་པ་དམག་དཔོན་ཆེན་མོ་ལའོ་ཨེར་རྣམ་གཉིས་ཀྱིས་མཚན་མཉམ་བཀོད་ཀྱི་རྟེན་འབྲེལ་གློག་འཕྲིན་བཏང་ནས་ལོ་60ལྷག་ཙམ་རིང་ཁུ་ཀྲུང་འབྲེལ་བར་དུས་ཚོད་ཀྱི་ཚོད་བགམ་བརྒྱུད་རྒྱུན་མཐུད་འཕེལ་རྒྱས་བྱུང་ཡོད། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་ཕྱིན་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཉམས་མྱོང་སྤེལ་རེས་དམ་ཟབ་བྱུང་བ། སྲོལ་རྒྱུན་གྱི་སྤུན་ཟླའི་མཛའ་མཐུན་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཁུ་ཀྲུང་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

      ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ཁུ་པའི་ཙུང་ལི་མཱ་ལེ་ལུའོ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ཞིང་། ལི་ཆང་གིས། ངས་བློ་མཐུན་ཙུང་ལི་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱས་པ་དེ་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་སུ་རྒྱུན་ཆད་མེད་པར་བསྒྱུར་ནས་ཀྲུང་ཁུ་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། མཱ་ལེ་ལུའོ་ཡིས་ངས་ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་བར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ནུས་ལྡན་བྱས་ནས་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་ཁྱབ་ཁོངས་ཁག་གི་ཕྱོགས་གཉིས་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།