འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་30ཉིན།

༄༅།།ཀྲུང་གོས་ཨ་རིར་མགྱོགས་པོ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་30ཉིན། 13:26】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཨ་རིའི་ཚོང་དོན་པུས་ཕྱིར་གཏོང་དོ་དམ་གྱི་གནོད་གཞིའི་རང་བཞིན་གྱི་སྒྲིག་སྲོལ་ཁྱབ་བསྒྲགས་བྱས་པའི་སྐོར་གྱི་གསར་འགོད་པའི་དྲི་བར་ཟླ་9ཚེས་29ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ལན་བཏབ།

    གསར་འགོད་པ་ཞིག་གིས། ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་2025ལོའི་ཟླ་9ཚེས་29ཉིན། ཨ་རིའི་ཚོང་དོན་པུའུ་ཡིས་ཕྱིར་གཏོང་དོ་དམ་གྱི་གནོད་གཞིའི་རང་བཞིན་གྱི་སྒྲིག་སྲོལ་ཁྱབ་བསྒྲགས་བྱས་ཏེ། ཨ་རིའི་“དངོས་ཚན་གསལ་ཐོའི་”ནང་བཅུག་པའི་ཁེ་ལས་ཀྱི་མ་རྐང་བརྒྱ་ཆ་50ལས་བརྒལ་བའི་ཡན་ལག་ཀུང་སིར་ཕྱིར་གཏོང་དོ་དམ་གྱི་བཀག་སྡོམ་གཅིག་མཚུངས་ཁ་སྣོན་བྱས་ཡོད་པར། ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་ཅི་འདྲ་སྤེལ་རྒྱུ་ཡིན་ནམ་ཟེར།

     ལན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་དོ་སྣང་བྱུང་། འབྲེལ་ཡོད་སྒྲིག་སྲོལ་ནི་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྱབ་གདལ་གཏོང་བ་དང་ཕྱིར་གཏོང་དོ་དམ་གང་བྱུང་དུ་སྤྱོད་པའི་དཔེ་མཚོན་གཞན་ཞིག་རེད། ཨ་རི་ཕྱོགས་ཀྱི་བྱ་སྤྱོད་དེའི་ངོ་བོ་ཧ་ཅང་ངན་པ་དང་། ཤུགས་རྐྱེན་ཐེབས་ཡུལ་ཁེ་ལས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ལ་རྡུང་རྡེག་ཚབས་ཆེན་གཏོང་བ། གོ་ལ་ཧྲིལ་པོའི་ཐོན་ལས་ཀྱི་སྦྲེལ་ཐག་དང་མཁོ་སྤྲོད་ཀྱི་སྦྲེལ་ཐག་བདེ་འཇགས་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་གཏོང་བ་བཅས་ཀྱི་ཐད་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་དང་།

     ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ནོར་འཁྲུལ་གྱི་བྱེད་སྟངས་འཕྲལ་མར་ཡོ་བསྲང་བྱས་ནས་ཀྲུང་གོའི་ཁེ་ལས་ལ་གནས་ལུགས་མེད་པར་གནོན་ཤུགས་སྤྲོད་རིགས་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བྱེད་ཐབས་དགོས་ངེས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད།