གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་30ཉིན། 15:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པས་ཟི་ལིང་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར། ད་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གསར་པའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་མུ་མཐུད་མདུན་གྲལ་དུ་སླེབས་པ་དང་། བསྡོམས་རྩིས་ལྟར་ན་ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར་20.9ཟིན་པ་དེ་དུས་མཚུངས་ལས་ལྡབ་8འཕར་ཏེ་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འགུལ་ནུས་སྟོབས་ཆེན་ཞིག་ཏུ་གྱུར་ཡོད། དེའི་ནང་ལིས་གྱེས་རྡུལ་གློག་གསོག་གློག་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་19.7ཟིན་ནས་ལྡབ་9.7འཕར་བ་དང་། འོད་ཤུགས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1.2ཟིན་ནས་ལྡབ་1.6འཕར་བ། ནུས་གསར་རླངས་འཁོར་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་29ཟིན་ཞིང་། ན་ནིང་གི་དུས་མཚུངས་སུ་ཕྱིར་གཏོང་བྱས་མེད་པ་རེད།
ནུས་རྒྱུ་གསར་པའི་ཐོན་རྫས་ཕྱིར་གཏོང་གི“ཛ་དྲག་དང་། ཁྱད་ལྡན། གསར་གཏོད”བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས་ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས“ཁེ་ལས་རེར་ཐབས་ཇུས་རེའི”གནད་སྨིན་ཞབས་ཞུ་ལག་ལེན་བསྟར་ནས་ལིས་གྱེས་རྡུལ་གློག་གསོག་གློག་རྫས་སོགས་གཙོ་གནད་ཚོང་ཟོག་གི་ཆེད་དོན་ལྟ་ཞིབ་ཚད་ལེན་དང་ཉེན་ཁའི་སྔོན་བརྡ་གཏོང་བ་དང་། ལག་རྩལ་རང་བཞིན་གྱི་ཉོ་ཚོང་བྱེད་ཐབས་ཞིབ་འཇུག་གཏིང་ཟབ་བྱེད་པ། རྒྱལ་སྤྱིའི་ལིས་གྱེས་རྡུལ་གློག་གསོག་གློག་རྫས་དབོར་འདྲེན་སོགས་ཀྱི་ཁྲིམས་སྲོལ་གློག་གསོག་གློག་རྫས་འགྱུར་ལྡོག་ལ་འགུལ་རྣམ་ཅན་གྱི་རྗེས་སྙེག་བྱེད་པ། སྲིད་ཇུས་ཟུར་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁེ་ལས་ཀྱིས་ཁྲལ་བསྡུའི་གཟིགས་སྐྱོང་གང་ལེགས་དང་ཡག་པོ་སྤྱོད་ཐུབ་པར་རམ་འདེགས་བྱས་ཡོད། ལས་སྒོའི་རིགས་གཅིག་མཁས་ཅན་བཏང་སྟེ“གཅིག་གཏད་གཅིག”གི་སྒོ་ནས་ཁེ་ལས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པ་དང་ཞིབ་བཤེར་བརྒྱུད་རིམ་ལེགས་སུ་བཏང་ནས་ཁེ་ལས་ཀྱིས་ཞིབ་བཤེར་སྙན་སེང་ཞུ་བ་ནས། ཉེན་ཟོག་ཐུམ་སྒྲིལ་ལག་ཁྱེར་རག་པའི་བར་དུས་ཚོད་50%ཐུང་དུ་བཏང་ཡོད། དེ་དང་ཆབས་ཅིག་ལིས་གྱེས་རྡུལ་གློག་གསོག་གློག་རྫས་དང་འོད་ཤུགས་ལྷུ་ལག་གི“ལྗང་མདོག་བགྲོད་ལམ”གཏོད་པ་དང་། “གཅིག་སྡུད་ཡིག་ཐོག་ཞུ་འབུལ་དང་ལག་ཁྱེར་དབྱེ་ནས་དབོར་འདྲེན་ཟུང་དུ་འབྲེལ་བའི”བྱེད་ཐབས་གསར་གཏོད་བྱས་ནས་ལག་ལེན་བསྟར་བ། སྔོན་མངགས་དཔྱད་བཤེར་དང་ལག་ཁྱེར“སྤྲིན་ཚོམ་མཆན་སྤྲོད”སོགས་སྟབས་བདེའི་བྱེད་ཐབས་བསྣན་ནས་འགག་སྒྲོལ་གྱི་ལས་ཕྱོད་ཆེས་ཆེར་མཐོ་རུ་བཏང་ཡོད།
ནུས་རྒྱུ་གསར་པའི་ཐོན་རྫས་མགྱོགས་མྱུར་དར་རྒྱས་ཕྱིན་པ་ནི་མཚོ་སྔོན་གྱི་ཐོན་ལས་གྲུབ་ཆ་ལེགས་གཏོང་རིམ་སྤོར་གྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ། འགག་སྒོ་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལག་ལེན་གྱི་གྲུབ་འབྲས་ཤིག་ཀྱང་ཡིན། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་འཕེལ་ཕྱོགས་ལ་རྒྱུན་མཐུད་རྗེས་སྙེག་བྱེད་པ་དང་། “ཁེ་ལས་ཀྱི་དགོས་མཁོ”དང“འགག་སྒོ་ལས་ཁུངས་ཀྱི་འཇོན་ནུས”གནད་སྨིན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་AEOཕན་ཚུན་ཁས་ལེན་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་ནུས་རྒྱུ་གསར་པའི་ཁྲོམ་རའི་བར་མཐོངས་རྒྱ་སྐྱེད་ཧུར་ཐག་གཏོང་བ་བཅས་བྱས་ནས། ཁེ་ལས་ཀྱི་སྒྲིག་སྲོལ་དང་མཐུན་པའི་མ་གནས་དམའ་རུ་གཏོང་བ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱ་རྒྱུ་རེད།