གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་09ཉིན། 10:28】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རང་བྱུང་ཐོན་ཁུངས་པུའུ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་དྲུག་གིས་མཉམ་དུ《རྫོང་ཁོངས་ཀྱི་མཐོ་འབྲིང་དཀྱུས་མའི་དར་རྒྱས་བྱ་སྤྱོད་འཆར་གཞི》བཀྲམ་སྟེ། 2030ལོར་སླེབས་སྐབས་སློབ་ལོ་ལོན་པའི་མི་འབོར་འཕར་སྣོན་དང་འཚམ་པའི་མཐོ་འབྲིང་དཀྱུས་མའི་སློབ་གསོའི་ཐོན་ཁུངས་ཀྱི་མཁོ་སྤྲོད་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། མི་དམངས་མང་ཚོགས་ཀྱིས་སྤུས་ལེགས་མཐོ་འབྲིང་དཀྱུས་མའི་སློབ་གསོ་དང་ལེན་ཐུབ་པའི་འདུན་པ་དེ་བས་ལེགས་པར་སྐོང་དགོས་ཞེས་བཏོན་ཡོད།
བྱ་སྤྱོད་འཆར་གཞིའི་ནང་། ཐོན་ཁུངས་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སུ་བཏང་སྟེ་གཞུང་བཙུགས་སློབ་གནས་མཁོ་སྤྲོད་མགྱོགས་སུ་གཏོང་དགོས་པ་དང་། སློབ་ཚན་སློབ་ཁྲིད་སྒྱུར་བཅོས་ཟབ་ཏུ་བཏང་ནས་དགེ་རྒན་དཔུང་ཁག་གི་འཛུགས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱིས་སློབ་གསོའི་རྨང་གཞི་ཞན་པའི་ས་ཁུལ་གྱི་རྫོང་མཐོ་འབྲིང་དཀྱུས་མར་མ་དངུལ་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དགེ་རྒན་གྱི་གླ་ཕོགས་དང་ཐོབ་ཐང་འགན་སྲུང་ལེགས་སུ་གཏོང་བ་དང་། ཚད་གཞི་ལྟར་སློབ་མར་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་ཆ་ཚང་སྤྲོད་དགོས་པ། སྒྲིག་འགལ་གྱིས་ས་ཁོངས་ལས་བརྒལ་ནས་སློབ་མ་བསྡུ་རིགས་བཅོས་སྒྲིག་བྱས་ཏེ་རྫོང་མཐོ་འབྲིང་དཀྱུས་མའི་ཕུལ་བྱུང་སློབ་སྤྱི་དང་དགེ་རྒན་སྐོང་འཐེན་གཏན་འགོག་བྱེད་དགོས་པ། མཐོ་འབྲིང་གི་ཁྱད་ཆོས་སྣ་མང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ལས་རིགས་སློབ་གསོ་དང་སློབ་གསོ་དཀྱུས་མའི་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་ལས་རིགས་སློབ་གསོ་དང་སློབ་གསོ་དཀྱུས་མའི་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ཁ་གསལ་བཏོན་ཡོད།
བྱ་སྤྱོད་འཆར་གཞིའི་ནང་། སློབ་གསོའི་ཐོན་ཁུངས་རྒྱ་སྐྱེད་གཏོང་བ་དང་། སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། དགེ་རྒན་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་བ། སློབ་གསོའི་གྲངས་གཞི་ཅན་གྱི་ནུས་པ་འདོན་པ། སློབ་གཉེར་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། སློབ་གཉེར་ཚད་ལྡན་ཅན་དུ་གཏོང་བ། ཁ་གཏད་རོགས་སྐྱོར་བཅས་ཀྱི་བྱ་སྤྱོད་ཆེན་པོ་བརྒྱད་བཏོན་ཡོད་པ་རེད། རྫོང་མཐོ་འབྲིང་དཀྱུས་མར་དཀོན་པའི་རིག་ཚན་ཅུང་ཉམས་ཞན་པའི་དགེ་རྒན་དུས་ཐོག་ཏུ་ཁ་གསབ་བྱས་ནས་གྲོང་ཁུལ་གྱི་མཐོ་འབྲིང་དཀྱུས་མའི་ཕུལ་བྱུང་དགེ་རྒན་རྫོང་མཐོ་འབྲིང་དཀྱུས་མར་སློབ་སྐྱོར་ལ་བསྐྱོད་རྒྱུར་སྐུལ་མ་གཏོང་བ་དང་། “ཕུལ་བྱུང་དགེ་རྒན་འཆར་གཞི”སོགས་རྣམ་གྲངས་རྫོང་མཐོ་འབྲིང་དཀྱུས་མར་ཕྱོགས་ནས་རྫོང་ཁོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་གསོ་སློབ་ཁྲིད་ཀྱི་སྣེ་ཁྲིད་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱེད་དགོས་པ་ཁ་གསལ་བཏོན་པ་དང་། ཞིང་ཆེན་ཚན་པར་བྱས་ནས་མཐོ་འབྲིང་སློབ་མའི་སློབ་གྲྭའི་ངལ་གསོའི་དུས་ཚོད་དང་དགུན་དབྱར་གུང་གསེང་གི་དུས་ཚོད་ཁ་གསལ་བཟོ་བ་དང་། གཟའ་མཇུག་དང་། དགུན་ཁ་དང་དབྱར་ཁའི་གུང་གསེང་། ཁྲིམས་ནང་གཏན་འཁེལ་བའི་དུས་ཆེན་དང་ངལ་གསོའི་དུས་ཚོད་བཅས་སྤྱད་དེ་གཅིག་སྡུད་ཐོག་སློབ་ཁྲིད་གསབ་སྦྱོང་བྱེད་པའམ་ཡང་ན་ཚད་ལེན་ཚོད་ལྟ་སྒྲིག་འཛུགས་བྱེད་མི་ཆོག་པ་དང་། ཞིང་ཆེན་ཁོངས་གཏོགས་དང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་གིས་སྒྲིག་འགལ་ངང་རྫོང་ཁོངས་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་རིགས་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།