འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་9ཉིན།

༄༅།།ཟླ་མཆོད་དུས་ཆེན་གྱི་མཚན་མོར་ཨོ་མོན་དུ་ཏུན་ཧོང་གི་ཤུལ་བཞག་རོལ་དབྱངས་དཀྲོལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་09ཉིན། 10:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་ཨོ་མོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 《ཡལ་བར་འགྱུར་བའི་ཆོས་དཔེ་བྲག་ཕུག》རོལ་དབྱངས་འདུ་ཚོགས་ཀྱི་འཁྲབ་སྟོན་ཐོག་མ་ཨོ་མོན་དུ་བྱས་པར་སྐུ་མགྲོན་དང་ལྟད་མོ་བ་500ལྷག་ཙམ་ས་གནས་ས་ཐོག་ཏུ་སྡུད་ནས་ཏུན་ཧོང་གི་ཤེས་དཔལ་མཉམ་སྤྱོད་བྱས་པ་དང་ཆབས་ཅིག ཟླ་མཆོད་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད། རོལ་དབྱངས་འདུ་ཚོགས་དེ་ནི་པའོ་ལི་མེ་ཀའོ་མེ་རྟེན་མཛོད་ཁང་དང་གཞས་ཚིག་རྩོམ་པ་པོ་གྲགས་ཅན་ཐན་ཏུན་གྱིས་མཉམ་དུ་གཉེར་བ་ཞིག་རེད།

     ཐན་ཏུན་གྱིས། 《ཡལ་བར་འགྱུར་བའི་ཆོས་དཔེ་བྲག་ཕུག》ནི་ཏུན་ཧོང་ལྡེབས་རིས་ཐོག་གི་གནའ་བོའི་རོལ་དབྱངས་དང་། ཡལ་བར་འགྱུར་བའི་ཆོས་དཔེ་བྲག་ཕུག་ཁྲོད་ཀྱི་གནའ་བོའི་དབྱངས་རྟགས་དང་ཞབས་བྲོའི་སྟངས་སྟབས་བཅས་ལ་ལོ་མང་རིང་ཞིབ་འཇུག་དང་བསམ་གཞིགས་བྱས་པའི་གྲུབ་འབྲས་ཤིག་ཡིན་ལ། ལོ་ངོ་སྟོང་གི་ཤུལ་བཞག་རོལ་དབྱངས་འཁྲབ་སྟོན་བྱས་པ་ནི་དར་གོས་ལམ་བུའི་སྙིང་སྟོབས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡང་ཡིན། ཐེངས་འདིའི་འཁྲབ་སྟོན་དེ་གོ་སྐབས་སུ་བྱས་ནས་མི་དེ་བས་མང་བས་རིག་གནས་དག་ཇི་ལྟར་བྱས་ནས་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་མེད་པར་གྱུར་པ་དང་། བསྐྱར་དུ་དར་བ། སླར་ཡང་གཟི་མདངས་རྒྱས་པ་བཅས་ལ་བསམ་གཞིགས་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

     ད་ཐེངས་ཀྱི་འཁྲབ་སྟོན་ནི་པའོ་ལི་མེ་ཀའོ་མེ་རྟེན་མཛོད་ཁང་གི“དར་གོས་ལམ་བུའི”འགྲེམས་སྟོན་ཆེན་པོའི་སྣུར་སྲིང་གི་བྱེད་སྒོ་གལ་ཆེན་ཞིག་རེད། འགྲེམས་སྟོན་འདི་ཟླ་10ཚེས་1ཉིན་འགོ་ཚུགས་ཤིང་། ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་དར་གོས་ལམ་རྒྱུད་ཀྱི་ལོ་རྒྱུས་ཀྱི་ཤུལ་བཞག་རྩ་ཆེན་གཙོ་བོར་བཟུང་བ་དང་། ཤར་ནུབ་ཀྱི་ཤེས་དཔལ་སྤེལ་རེས་གཞོགས་འདེཌ་སུ་བྱས་ཐོག བརྗོད་དོན་གཙོ་བོ་ཆེན་པོ་བཞི་བརྒྱུད་འགྲེམས་རྫས་རྩ་ཆེན་200ཙམ་གཅིག་ཏུ་བསྡུས་ནས། ལོ་ངོ་སྟོང་གི་དར་གོས་ལམ་བུའི་ཤེས་དཔལ་མཉམ་འདྲེས་ཀྱི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་སླར་ཡང་མངོན་པར་བྱས་ཡོད།