འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་9ཉིན།

༄༅།།འགྲིམ་འགྲུལ་སྐྱེལ་འདྲེན་ལས་བྲེལ་ཆེ། དཔལ་འབྱོར་གོང་འཕེལ་གསོན་ཤུགས་རྒྱས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་09ཉིན། 10:34】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཤིན་ཕིང་། ཆིའུ་ཁྲའོ་དབྱི། ཧན་ཤིན།

     རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། ཀྲུང་གོའི་ས་གཞི་ཆེན་པོར་སྐྱོད་སྐབས་མཐོང་ཆོས་སུ་གྱུར་པ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་དག་རེད།

     དུས་རབས་གསར་པ་དང་རྒྱང་ལམ་གསར་པར། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བས། “མི་རྣམས་འགྲོ་སྐྱོད་སྟབས་བདེ་དང་དངོས་ཟོག་འཁོར་རྒྱུག་མགྱོགས་པོ”མངོན་འགྱུར་བྱུང་ནས་རྒྱུན་འཁོར་གྱི་ཀྲུང་གོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་མངོན་བཞིན་ཡོད།

     མྱུར་བགྲོད་ལྕགས་ལམ་ས་ཚིགས་མཚན་གང་འཁོར་སྐྱོད་བྱེད་བཞིན་ཡོད་ཅིང་། མཚན་གུང་དུ་མྱུར་བགྲོད་མེ་འཁོར་གཏོང་བ་དང་། ཕྱོགས་གཉིས་ནས་འབབ་ཚུགས་སུ་འཛུལ་བ། བདེ་འཇགས་ཞིབ་བཤེར་འགྲོ་ལམ་གསར་དུ་འཛུགས་པ། མཚན་གུང་མེ་འཁོར་སྒུག་སར་ཞབས་འདེགས་ཞུ་བ་ལ་སོགས། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། པེ་ཅིང་མེ་འཁོར་འབབ་ཚུགས་ལྷོ་མས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་252.6སྐྱེལ་འདྲེན་བྱས་པ་རེད།

      འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་སྔོན་དཔག་བྱས་པར་གཞིགས་ན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། སྤྱི་ཚོགས་ཡོངས་སུ་ས་ཁོངས་བསྒྲལ་ནས་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར་23.6ཟིན་གྱི་ཡོད་པ་རེད།

     ལམ་ཐིག་གསར་པ་ལས་འགྲོ་སྐྱོད་ཀྱི་ནུས་པ་དེ་བས་ཆེ་རུ་ཕྱིན་པ།

     ཟིན་ཐོ་གསར་པ་བཏོད་པ། ཟླ་10ཚེས་1ཉིན། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་2313.2སྐྱེལ་འདྲེན་བྱས་ནས་ཉིན་གཅིག་ལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

      ཤུགས་ཆེན་འཕར་བ། ཉིན་དེར་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་247.49ཟིན་པ་དེ་དུས་མཚུངས་ལས་3.2%འཕར་ཡོད།

     གྲངས་གཞི་འཕར་བའི་རྒྱབ་རྟེན་ནི་ཕྱོགས་བསྡུས་སྐྱེལ་འདྲེན་དྲ་རྒྱས་མཁོ་འདོན་བྱས་པའི་འདེགས་སྐྱོར་བརྟན་པོ་དེ་རེད།

     མྱུར་བགྲོད་ལྕགས་ལམ་ས་ཆ་དེ་བས་མང་བར་འབྲེལ་མཐུད་ཐུབ་ནས་ཡུལ་སྐོར་ལ་འགྲོ་བསམ་ན་དེ་མུར་འགྲོ་ཐུབ་པ་བྱུང་བ།

     མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་གསར་པ་རབ་དང་རིམ་པ་ཤར་གཏོང་ཐུབ་པ་དང་བསྟུན་ནས། མིག་སྔར་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་5ཙམ་ཟིན་པ་དེས་རྒྱུན་འཁོར་གྱི་ཀྲུང་གོར་འདེགས་སྐྱོར་བྱེད་ཀྱི་ཡོད་པ་རེད།

     འདི་ལོ་ཚུན་དུ། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོ་ནས་ཧུའུ་ནན་དང་ཧུའུ་པེ་རི་ཁུལ་བར་དང་། ཅང་ཤིས་ལྷོ་ནུབ་ཀྱི་དབུས་རྒྱུད་ནས་ཅི་ལིན་གྱི་མཐའ་མཚམས་བར། མྱུར་བགྲོད་གཞུང་ལམ་གསར་པ་དེ་བས་མང་བས་འགྲིམ་འགྲུལ་གྱི་མྱོང་རོལ་གསར་པ་སྦྱིན་བཞིན་ཡོད།

     མཁའ་འགྲུལ་དྲ་རྒྱ་ཚགས་དམ་དུ་ཕྱིན་ནས་ཉིན་རེར་ལམ་ཐག་ལེ་དབར་སྟོང་ཕྲག་འགྲོ་སྐྱོད་བྱེད་པ་དེ་རྒྱུན་གཏན་ཞིག་ཏུ་གྱུར་ཡོད།

      “མཁའ་ལམ་གསར་པ་ཡོད་པས། ཀོང་ཏུང་ཀྲུའུ་ཧའེ་ནས་ཡུན་ནན་ཏ་ལིར་ཐད་ཀར་འཕུར་ན། ཆུ་ཚོད་གཉིས་ལྷག་ཙམ་གྱི་ནང་འབྱོར་གྱི་ཡོད”ཞང་ཕེང་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་8L9790རྟགས་ཅན་ལ་བསྡད་པའི་འགྲུལ་པ་ཁྲེན་ལགས་ཀྱིས་མིག་ཟུང་རེ་བས་ཁེངས་བཞིན་ཁོང་གིས“རང་ཉིད་དེ་མུར་ཚང་ཧྲན་ཨེར་མཚོ་དང་ཏ་ལི་གནའ་གྲོང་དུ་སླེབས་ན་སྙམ་གྱི་འདུག”ཅེས་བཤད།

      ངོ་སྤྲོད་བྱས་པར་གཞིགས་ན། ཟླ་7པར་གསར་དུ་ཤར་གཏོང་བྱས་པའི་མཁའ་ལམ་དེར་དགའ་བསུ་ཆེན་པོ་ཐོབ་པ་དང་གུང་གསེང་རིང་འགྲུལ་པ་ཁེངས་ཚད་སྔོན་དཔག་བྱས་ན་90%ལྷག་ཙམ་ཟིན་བཟོ་ཡོད་པ་རེད། གཞན་ཡང་། ཞང་ཕེང་མཁའ་འགྲུལ་གྱིས་ད་དུང་ཡུན་ནན་ལི་ཅང་ནས་ཧྲན་ཏུང་ཅི་ནན་དང་། ཡུན་ནན་ཤིས་ཧྲོང་པན་ན་ནས་ཐེང་ཁྲུང་སོགས་སུ་བསྟུད་མར་མཁའ་ལམ་གསར་པ་30ལྷག་ཙམ་ཤར་གཏོང་བྱས་ཡོད་པ་རེད།

      “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རང་རྒྱལ་གྱིས“འཁོར་ལྟེ་6དང་། བར་ཁྱམས་7 བགྲོད་ལམ་8”ཀྱི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་གཞི་སྒྲོམ་གཙོ་བོ་གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་པ་དང་། རྒྱལ་ཡོངས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་80%ལྷག་ཙམ་ལ་འབྲེལ་མཐུད་ཐུབ་པ། རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་མི་འབོར་བསྡོམས་འབོར་90%ཡས་མས་ལ་ཞབས་འདེགས་ཞུས་པ་བཅས་བྱས་ནས། མི་རྣམས་འགྲོ་སྐྱོད་སྟབས་བདེ་དང་དངོས་ཟོག་འཁོར་རྒྱུག་བདེ་བླག་ཡོང་བར་རམ་འདེགས་བྱས་ཡོད།

     བྱེད་ཐབས་གསར་པ་ལས་ལམ་ཐག་དེ་ཡུལ་སྐོར་ལམ་བུར་གྱུར་པ།

     གུང་གསེང་འདིར། འགྱུར་ལྡོག་གསར་པ་འགྲོ་འགོ་ཚུགས་ཤིང་། ད་ཆ་མི་རྣམས“གཱ་ཐོ་འགོད་པའི”བྲེལ་འཚུབ་ཀྱི་འགྲོ་སྐྱོད་བྱེད་སྟངས་ནས་རིམ་བཞིན་ཁ་བྲལ་ཏེ། “དབྱིངས་ཞུགས་རྣམ་པའི”ཉམས་ལེན་དེ་བས་དོན་གཉེར་བྱེད་བཞིན་ཡོད། ཡུལ་སྐོར་མེ་འཁོར་དང་། ཡུལ་སྐོར་མཚོ་གྲུ། སྒེར་འཁོར་བཏང་ནས་གཱ་ཐོ་འགོད་པ་ལ་སོགས་ཀྱི་འགྲིམ་འགྲུལ་བྱེད་ཐབས་གསར་པས་དེ་བས་སྤྲོ་སྣང་དོད་པའི་ཡུལ་སྐོར་ལམ་བུར་འགྱུར་བར་བྱེད་ཀྱི་ཡོད།

     “ཧུའུ་དབྱང་མེ་འཁོར”མཛེས་ཤོས་དེ་སྟོན་དུས་སུ་གཏོང་འགོ་ཚུགས་པ།

     K7911རྟགས་ཅན་གྱི་མེ་འཁོར་དེ་ནང་སོག་ཧུའུ་ཧོ་ཧའོ་ཐེ་ནས་ཨེ་ཅི་ན་ཅི་ཕྱོགས་སུ་བཏང་སྟེ། རྩྭ་ཐང་དང་། མྱ་ངམ་ཐང་། བྱེ་ཐང་བཅས་འཕྲེད་བཅད་ཀྱིས་ལམ་ཐག་སྤྱི་ལེ་400ཡི་མི་མེད་ཁུལ་སྒྲོལ་བ་དེ་ནི་མེ་འཁོར་ནང་སྡོད་རྒྱུར་དགའ་པོ་ཡོད་མཁན་ཚོའི་སེམས་ནང་གི“ཧུའུ་དབྱང་མེ་འཁོར”མཛེད་ཤོས་དེ་རེད།

     རླངས་འཁོར་གླས་ནས་ཡུལ་སྐོར་གྱི་སྤྲོ་སྣང་ལོངས་སུ་སྤྱོད་པ།

     ཀྲེ་ཅང་ཉིང་པོ་ལི་ཧྲེ་རྒྱལ་སྤྱིའི་གནམ་ཐང་དུ་དུས་གཏན་གནམ་གྲུ་འབབ་མ་ཐག་ཕ་ཡུལ་ཧོ་ནན་ནས་ཡོང་བའི་གཉེན་ཉེ་དང་གྲོགས་པོ་བསུས་རྗེས། ཞ་ཧྲེང་གིས་ཐད་ཀར་རླངས་འཁོར་འཇོག་སར་བསྐྱོད་ནས་བོགས་གཏོང་རླངས་འཁོར་བླངས།

      འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་ལས་མངོན་པར། སྔོན་དཔག་བྱས་ན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་རླངས་འཁོར་བོགས་མར་ལེན་པའི་དགོས་མཁོ་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་བཞིན་ཡོད།

     སྦྲག་སྐྱེལ་མཚོ་གྲུར་བསྡད་པ་ལས་ཡུལ་སྐོར་བྱེད་སྐབས་སྣང་བ་དེ་བས་སྐྱིད་དུ་སོང་བ།

    “འགྲོ་ཀྱིན་དུ་ཡུལ་སྐོར་བྱེད་པ་ནི་ཉམས་ལེན་གསར་པ་ཞིག་རེད” ཟླ་10ཚེས་2ཉིན། ཧྲེན་ཀྲེན་ཧྲེ་ཁོའུ་སྦྲག་སྐྱེལ་མཚོ་གྲུའི་གྲུ་ཁ་ཨ་མར་འགྲོ་སྐྱོད་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དང་།

    གྲོང་མི་སྐུ་ཞབས་ལིན་ལགས་ཀྱིས་ནང་མི་ཡོངས་ཁྲིད་ནས“ཚོང་འགུགས་དབྱི་ཏུན”རྟགས་ཅན་ལ་བསྡད་དེ་ཉིན་8དང་མཚན་7གྱི་སྦྲག་སྐྱེལ་མཚོ་གྲུའི་ཡུལ་སྐོར་བྱེད་འགོ་བརྩམས།

     སྐྱིད་སྣང་དོད་ལ་སྟབས་བདེ་བ་དང་ཉམས་ལེན་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལ་བརྟེན་ནས་སྦྲག་སྐྱེལ་མཚོ་གྲུའི་ཡུལ་སྐོར་དེ་གུང་གསེང་རིང་ཡུལ་སྐོར་བའི་གདམ་ག་གཙོ་བོར་གྱུར་ཡོད། ཀོང་ཏུང་ཧྲེན་ཀྲེན་མཚོ་དོན་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཧྲེ་ཁོའུ་སྦྲག་སྲིད་མཚོ་གྲུའི་གྲུ་ཁ་ཨ་མས་སྔོན་དཔག་བྱས་ན་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་17ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།

      ཧྥུའུ་ཅན་ཞ་མོན་དུ་མཚོ་དོན་སྡེ་ཚན་གྱིས་མཁའ་ལམ་གྱི་གནམ་གཤིས་འགྱུར་ལྡོག་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སྦྲག་སྲིད་མཚོ་གྲུ“ཐོན་མགྱོགས་ལ་ལོག་མགྱོགས་པ་བྱུང་ནས”གྲུ་ཁར“སྒུག་མི་དགོས་པའི”འགན་ལེན་བྱས་པ་དང་། ཧྲང་ཧའེ་རུ“གྲུ་གཟིངས་རེར་ཐབས་ཇུས་རེའི”བདེ་འཇགས་ལྟ་སྐུལ་དོ་དམ་ཇུས་གཞི་སྤྱད་དེ་སྦྲག་སྲིད་མཚོ་གྲུར་སྡོད་སའི་འཆར་གཞི་གཏན་འཁེལ་བྱས་ཡོད། གྲངས་གཞི་ལས་མངོན་པར། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་ཆུ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་1250ཟིན་པ་དེ་དུས་མཚུངས་ལས་11.6%འཕར་ཡོད་པ་རེད།

     རིམ་སྤོར་གསར་པ་ལས་རྒྱལ་སྒྲོལ་ཡུལ་སྐོར་དེ་བས་སྟབས་བདེ་རུ་ཕྱིན་པ།

     རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་འགྲུལ་པ་འགྲོ་སྐྱོད་བྱེད་ཚད་སྔ་ས་ནས་རྒྱལ་མཚམས་ལས་བརྒལ་ཡོད།

     རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཉིན་རེར་ཆ་སྙོམས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་200ལས་བརྒལ་བ་དང་། སྔོན་དཔག་བྱས་ན་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་མང་ཤོས་གཙོ་བོ་ཟླ་10ཚེས་1ཉིན་དང་ཚེས་6ཉིན་ཡིན་པ་རེད།

     འདི་ནི་ཀྲུང་གོ་དང་འཛམ་གླིང་ཕྱོགས་གཉིས་ཀས་འབད་བརྩོན་བྱས་པ་ཞིག་རེད།

      ཀོང་ཀྲོའུ་ནས་སོ་ཏི་ཨ་རབ་ཀྱི་རི་ཡ་ཏེ་དང་། པེ་ཅིང་ཏ་ཤིང་ནས་ཁ་ཐར་ཏོ་ཧ། ཀོང་ཏུང་ཧྲེན་ཀྲེན་ནས་ཝེ་ཐེ་ནམ་ཏ་ནང་སོགས་རྒྱལ་སྤྱིའི་མཁའ་ལམ་མང་པོ་གསར་དུ་ཤར་གཏོང་བྱས་པ་དང་། ཀོང་ཏུང་ཀོང་ཀྲོའུ་ནས་ཐེ་ལན་ཕུའུ་ཅི་དང་། ལེའོ་ཉིང་ཏ་ལེན་ནས་ཧན་གོའི་ཧྲོའར་སོགས་ཀྱི་མཁའ་ལམ་མང་དུ་བཏང་ཡོད། དགོས་མཁོ་གསར་པའི་མདུན་དུ་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་རྒྱལ་སྤྱིའི་མཁའ་ལམ་མུ་མཐུད་མང་དུ་བཏང་ཡོད།

     དབྱིན་ཇིའི《ཡུལ་སྐོར་དཔྱད་གཏམ》ཞེས་པའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཀྲུང་གོ་དང་རྒྱལ་ཁབ་གཞན་དག་དབར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་ཁྱབ་ཁོངས་ཆེ་རུ་ཕྱིན་པ་དང་། དེ་བཞིན་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་མང་དུ་ཕྱིན་པའི་དབང་གིས་ཡུལ་སྐོར་བས་རང་ཉིད་དགའ་པོ་ཡོད་པའི་ཡུལ་སྐོར་དམིགས་ས་འཚོལ་བཞིན་ཡོད་པས་ཀྲུང་གོའི་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་ཁྲོམ་རའི་འཕེལ་ཕྱོགས་ཧ་ཅང་བཟང་པོ་ཡོད།

      རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཀྲུང་གོར་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་ཕྱིན་ཡོད། མངོན་མིན་རིག་གནས་ཤུལ་བཞག་དང་མྱུར་བགྲོད་ལྕགས་ལམ་འབྲེལ་བ་ལས་ཕྱི་རྒྱལ་གྱི་འགྲུལ་པར་ཡུལ་སྐོར་དམིགས་སར་མ་འབྱོར་གོང་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་འབྲེལ་འདྲིས་དམ་ཟབ་བྱུང་ཡོད།

      མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་ནས་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་བར་དང་། སྦྲག་སྐྱེལ་མཚོ་གྲུ་ནས་རྒྱལ་སྒྲོལ་དུས་གཏན་གནམ་གྲུ་བར་མི་ཐེངས་དུང་ཕྱུར་23.6ཡིས་རི་མཚོ་མྱུལ་ནས་འགུལ་རྣམ་ཀྲུང་གོའི་གསོན་ཤུགས་ལ་བདེན་དཔང་བྱས་ཡོད།