གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་09ཉིན། 14:11】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་ཟླ་10ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཅོར་ཅི་ཐོན་ནས་གནས་ཚུལ་འབྱོར་གསལ། ཚེས་5ཉིན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱིའི་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཀུའེ་ཡ་ན་པཱ་ལ་ཐེ·ཅ་ཀེ་ཏི་ཨོ-ཏེ་མེ་ལཱ་ལཱ་གཙང་པོའི་ཟམ་ཆེན་ཐོག་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཀུའེ་ཡ་ནའི་ཙུང་ཐུང་ཨ་ལི་དང་། ཙུང་ལི་ཧྥེ་ལི་ཕུའུ་སི། ཙུང་ཐུང་གཞོན་པ་ཅ་ཀེ་ཏི་ཨོ། ཀུའེ་ཡ་ནར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱང་དབྱང་སོགས་རྒྱལ་ཁབ་གཉིས་པོའི་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་ཁྲི་གཅིག་ལྷག་ཙམ་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་པ་རེད།
ཨ་ལིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོའི་སྐྲུན་འགན་འཁུར་མཁན་ཕྱོགས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ཐོག་ནས་ཀུའེ་ཡ་ནའི་རྨང་གཞིའི་སྒྲིག་བཀོད་རབ་དང་རིམ་པ་སྒྱུར་བཀོད་བྱེད་འགོ་ཚུགས་པ་མཚོན་ཡོད། ཨ་ལི་ཡིས་ཟམ་ཆེན་དེར་ཚོང་ལས་དང་། བཟོ་ལས། དམངས་ཚོགས་ཀྱི་འཚོ་བའི“སྲོག་རྩ”ཞེས་བརྗོད་ཀྱི་ཡོད་ཅིང་། དེས་སྐྱེལ་འདྲེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་ཐུབ་ལ། འགྲིམ་འགྲུལ་གྱི་གནོན་ཤུགས་ཀྱང་ཆུང་དུ་གཏོང་ཐུབ་ཅེས་བརྗོད་པ་རེད།
ཤིན་ཏེ་མེ་ལཱ་ལཱ་གཙང་པོའི་ཟམ་ཆེན་ནི་ཀུའེ་ཡ་ནའི་རྒྱལ་ས་ཅོར་ཅི་ཐོན་དུ་གནས་པ་དང་དེ་ནི་ཀུའེ་ཡ་ནའི་ད་བར་གཞི་ཁྱོན་ཆེ་ཤོས་དང་ལག་རྩལ་རྙོག་འཛིང་ཆེ་ཤོས་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་ཞིག་རེད། ཟམ་པའི་རིང་ཚད་ལ་སྨི་2900ཙམ་ཡོད་པ་དང་། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་80ལ་ཇུས་འགོད་བྱས་ཡོད། ཟམ་ངོས་ནི་ཕྱོགས་གཉིས་བཞི་སྒྲིག་འཁོར་ལམ་ཡིན་པ་དང་ཇུས་འགོད་བྱས་པའི་སྤྱོད་ཡུན་ལོ་100ཡིན་པ་རེད།