གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་09ཉིན། 14:39】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཚེས་7ཉིན་ཆིང་ཡོན་གྲོང་ཁྱེར་ལེན་ཀྲོའུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་10ཚེས་5ཉིན་ཅུས་དེར་འཛད་སྤྱོད་པ་ཞིག་གི་ཞུ་གཏུག་འབྱོར་ནས་ལེན་ཀྲོའུ་གྲོང་ཁྱེར་གྱི་ནོར་ཤའི་ཟ་ཁང་ཞིག་གི་ཚོང་གཉེར་མཁན་གྱིས་གསལ་བཤད་བྱེད་འགན་མ་བསྒྲུབས་པར་གོང་ཚད་གང་བྱུང་དུ་སྤར་བའི་གནས་ཚུལ་ཡོད་པའི་སྙན་གསེང་འབྱོར། ཅུས་ཕྱོགས་ནས་གནས་ཚུལ་དེར་མཐོང་ཆེན་ཧ་ཅང་ཆེན་པོར་བྱས་ནས་འཕྲལ་མར་ཞིབ་བཤེར་བྱས་པ་ཡོད།
ཞིབ་བཤེར་བྱས་པ་བརྒྱུད། ནོར་ཤའི་ཟ་ཁང་དེའི་གཉེར་སྐྱོང་ཁང་དུ་ཚོང་ཟོག་ཕྱིར་ཚོང་གི་རིན་གོང་རེའུ་མིག་ཁྱབ་བསྒྲགས་བྱས་ཡོད་མོད། འོན་ཀྱང་འཛད་སྤྱོད་པར་རྒྱལ་སྟོན་དུས་ཆེན་རིང་རིན་གོང་འཕར་བའི་གནས་ཚུལ་སྔོན་ལ་གསལ་བཤད་བྱས་མེད། ཟླ་10ཚེས་4ཉིན། འཛད་སྤྱོད་པ་དེ་ཉིད་ཚོང་ཁང་དུ་འཛད་སྤྱོད་བྱེད་སྐབས། ནོར་ཤའི་ཟ་ཁང་དེའི་གཉེར་སྐྱོང་མཁན་གྱིས་ཁྱབ་བསྒྲགས་རེའུ་མིག་གི་རིན་གོང་སྟེང་ནོར་ཤ་ཕྲེང་རྐང་རེར་སྒོར་གཅིག་བསྣན་པའི་ཚད་གཞི་བཟོས་པ་ལྟར། བསྡོམས་ན་དངུལ་གྲངས་སྒོར་203ཟིན་ཡོད་པ་རེད། ཟ་ཁང་གི་བྱ་སྤྱོད་དེ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་དོན་ཚན་གྱི་གཏན་འབེབས་དང་འགལ་བ་རེད། ད་ཆ་ལེན་ཀྲོའུ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཛད་སྤྱོད་པའི་རིན་གོང་འཐོལ་པ་སྒོར་50ཕྱིར་བསློག་དགོས་པའི་འགན་སྤྲད་པ་མ་ཟད། དངུལ་ཆད་སྒོར་3500ཡི་སྲིད་འཛིན་ཆད་པའང་བཅད་པ་རེད།
དེ་དང་ཆབས་ཅིག་ལེན་ཀྲོའུ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཅིག་ཤེས་ཀུན་གྲོལ་ཚུལ་དུ་གྲོང་ཁྱེར་ཡོངས་ཀྱི་གཉེར་སྐྱོང་མཁན་གྱི་བྱེད་པོར་ཞིབ་བཤེར་བཅོས་སྒྲིག་བྱས་ཏེ་རིན་གོང་གང་བྱུང་སྤོར་བ་དང་གྲོན་དངུལ་གང་བྱུང་དུ་བསྡུ་རིགས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་བ་རེད། རྒྱ་ཆེའི་འཛད་སྤྱོད་པ་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣས་ལྟ་སྐུལ་བྱེད་པར་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། རིན་གོང་གི་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཐད་སྦྲེལ་སྐུད་ལམ་12345སམ་ཡང་ན་12315ལ་ཁ་པར་བཏང་ནས་ཞུ་གཏུག་དང་ཐེར་འདོན་གནང་རོགས། ཅུས་དེས་ཁྲིམས་ལྟར་བརྟག་དཔྱད་ཐག་གཅོད་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱ་རྒྱུ་རེད།