གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་09ཉིན། 14:43】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཐེ་རོན་ཕུའུ་ཡིས་དབྱི་སི་རལ་དང་ཧ་མ་སིས་“ཞི་བདེའི་འཆར་གཞིའི་”དུས་མཚམས་དང་པོའི་ཐད་གྲོས་མཐུན་འཇོག་རྒྱུར་མོས་མཐུན་བྱས་ཟིན་ཞེས་བཤད།
ཚེས་8ཉིན་གྱི་ས་སྲོད་ཙམ་ལ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགྱུར་(ཧ་མ་སི་)དབར་ཨ་རི་ཕྱོགས་ཀྱིས་བཏོན་པའི་ཀ་ཟཱ་ས་ཁུལ་གྱི་“ཞི་བདེའི་འཆར་གཞིའི་”དུས་མཚམས་དང་པོར་མོས་མཐུན་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
ཐེ་རོན་ཕུའུ་ཡིས་དེའི་ཐོག་ནས་དབྱི་སི་རལ་ཕྱོགས་ཀྱི་བཀག་ཉར་བྱས་པའི་མི་སྣ་ཚང་མ་མགྱོགས་མྱུར་གློད་འགྲོལ་གཏོང་རྒྱུ་ཡིན་པ་དང་དབྱི་སི་རལ་གྱི་དམག་དཔུང་ཡང་ཕྱོགས་གཉིས་པོས་གྲོས་ཐག་བཅད་པའི་ས་མཚམས་སུ་ཕྱིར་འཐེན་བྱ་རྒྱུ་ཡིན་པ་དེ་“བརྟན་ལྷིང་དང་། ཡུན་བརྟན། ཡུན་རིང་བཅས་ཀྱི་ཞི་བདེའི་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་དང་པོ་ཞིག་ཏུ་བརྩི་རྒྱུ་རེད་”ཅེས་བཤད་པ་རེད། ཐེ་རོན་ཕུའུ་ཡིས་ཕྱོགས་ཁག་གཉིས་ཀར་“དྲང་གཞག་གི་ལྟ་སྟངས་”འཛིན་རྒྱུ་ཡིན་ཞེས་བཤད་པ་རེད།
དེ་དང་ཆབས་ཅིག་ཐེ་རོན་ཕུའུ་ཡིས་འདུམ་འགྲིག་མཁན་ཁ་ཐར་དང་། ཨེ་ཅིབ། ཐུར་ཁེ་བཅས་ལ་བཀའ་དྲིན་ཞེས་ཞུས་པ་དང་། རྒྱལ་ཁབ་དེ་དག་གི་འཐུས་མིས་ཨ་རི་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་“ལོ་རྒྱུས་རང་བཞིན་གྱི་”དོན་རྐྱེན་དེ་དོན་དངོས་སུ་གྱུར་ཡོད་ཅེས་བཤད་ཡོད་པ་རེད།
ཨེ་ཅིབ་ཀྱི་ཁེ་རོ་གསར་འགྱུར་བརྙན་འཕྲིན་ལས་ཁུངས་ཀྱིས་ཅུང་ཙམ་འགོར་རྗེས་གནས་ཚུལ་སྤེལ་བར་གཞིགས་ན། ཨེ་ཅིབ་དང་ཁ་ཐར་སོགས་འདུམ་འགྲིག་ཕྱོགས་ཀྱིས་རེས་སྐོར་གསར་པའི་ཀ་ཟཱ་དམག་མཚམས་འཇོག་རྒྱུའི་གྲོས་མོལ་ནང་ཀ་ཟཱ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གྱི་དུས་མཚམས་དང་པོའི་དོན་ཚན་ཚང་མ་དང་ལག་བསྟར་ལམ་སྲོལ་ཚུད་པའི་གྲོས་མཐུན་ཞིག་བཞག་ཡོད་པ་མ་ཟད། གྲོས་མཐུན་གྱི་མཐའ་མའི་པར་གཞི་ད་ཆ་འཆར་ཟིན་འགོད་བཞིན་ཡོད་པ་གཏན་འཁེལ་བྱས་པ་རེད།
ཧ་མ་སི་དང་དབྱི་སི་རལ་གྱི་ཙུང་ལིའི་ཤགས་སོ་སོས་གསལ་བསྒྲགས་ཁྱབ་བསྒྲགས་བྱས་ནས་གྲོས་མཐུན་བཞག་པ་ར་སྤྲོད་བྱས་པ་རེད།
《དབྱི་སི་རལ་སྐབས་དོན་ཚགས་པར་》དྲ་ཚིགས་སུ་ཅུང་སྔ་དུས་གྲོས་མོལ་གྱི་གནས་ཚུལ་ཤེས་མཁན་མང་པོ་ཞིག་ཆ་འཕྲིན་ཁུངས་སུ་བྱས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀ་ཟྰ་དམག་མཚམས་འཇོག་རྒྱུའི་གྲོས་མོལ་གྱི་དཀའ་གནད་གཙོ་བོ་ཐག་གཅོད་བྱས་ཟིན་པ་དང་བསྟུད་མར་ལེགས་སྒྲུབ་བྱེད་དགོས་པ་ནི་གོ་རིམ་རང་བཞིན་གྱི་ནང་དོན་ཁག་གཅིག་ཡིན་པ་རེད། ཚེས་9ཉིན་དབྱི་སི་རལ་དང་ཧ་མ་སི་དབར་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་ཡིན་པ་དང་ཚེས་11ཉིན་དབྱི་སི་རལ་ཕྱོགས་ཀྱི་བཀག་ཉར་བྱས་པའི་མི་སྣ་གློད་འགྲོལ་གཏོང་རེ་ཡོད་པ་རེད།
ཚེས་8ཉིན་སྔ་ཙམ་ཐེ་རོན་ཕུའུ་ཡིས་ཕོ་བྲང་དཀར་པོར་སྨྱན་སྦྱོར་ལ་ཨེ་ཅིབ་ཏུ་འཚོག་བཞིན་པའི་ཀ་ཟྰ་ས་ཁུལ་གྱི་དམག་མཚམས་འཇོག་རྒྱུའི་གྲོས་མོལ་ལ་གཞིགས་ནས་ཁོང་གཟའ་འཁོར་འདིའི་གཟའ་མཇུག་ཏུ་དབུས་ཤར་ས་ཁུལ་དུ་བསྐྱོད་སྲིད་ཅེས་བཤད་པ་རེད། ཚེས་6ཉིན་ཧ་མ་སི་དང་དབྱི་སི་རལ་གཉིས་ཀྱིས་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱི་ཧོ་གྲོང་ཁྱེར་དུ་ཀ་ཟྰ་དམག་མཚམས་འཇོག་རྒྱུའི་རེས་སྐོར་གསར་པའི་གྲོས་མོལ་བྱེད་འགོ་ཚུགས་པ་དང་ཚེས་8ཉིན་ནི་དམག་མཚམས་འཇོག་རྒྱུའི་གྲོས་མོལ་གྱི་ཉིན་གསུམ་པ་ཡིན་པ་རེད།